རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཆེད་མཁས་པ་ ༡༣ ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་འཕྲལ་དུ་མཚམས་འཇོག་དགོས་སྐོར་རྒྱ་ནག་གཞུང་ལ་ཛ་དྲག་གི་རེ་སྐུལ་ཡི་གེ་ཞིག་བཏང་ཡོད་པ།

བོད་ནང་གི་མདོ་ཁམས་སྡེ་དགེ་རྫོང་ཁོངས་སུ་ཆུ་མཛོད་གློག་འདོན་འཛུགས་སྐྲུན་དང་འབྲེལ། བོད་མིའི་ཐོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་གཏོང་བཞིན་པར་བརྟེན། རྒྱ་ནག་གཞུང་གིས་བཙན་གནོན་གྱི་གནས་སྟངས་འཕྲལ་དུ་མཚམས་འཇོག་དགོས་པའི་སྐོར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ཆེད་མཁས་པ་ ༡༣ ནས་རྒྱ་ནག་གཞུང་དང་ཆུ་མཛོད་འཛུགས་སྐྲུན་པ་ Huadian Jinsha གཙང་པོའི་ཡར་རྒྱས་བཟོ་ཚོང་ཁང་བཅས་ལ་ཛ་དྲག་གི་རེ་སྐུལ་ཡི་གེ་ཞིག་བྲིས་ཏེ་སྤྲད་ཡོད་པ། འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༦ ཉིན་ཡོངས་བསྒྲགས་གནང་ཡོད་ཅིང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་ས་ཡོམ་གྱི་ཉེན་ཁ་ཆེ་བའི་ས་ཁུལ་ཁག་ཏུ་ཆུ་མཛོད་མང་པོ་རྒྱག་བཞིན་པ་དེས། ས་གནས་མང་ཚོགས་ལ་དཀའ་ཉེན་ཧ་ཅང་ཆེན་པོ་བཟོ་བཞིན་པ་ལས་ཆུ་མཛོད་གློག་འདོན་འཛུགས་སྐྲུན་དེ་ཚོས་ས་གནས་མི་མང་ལ་ཕན་ཐོགས་གང་ཡང་འབྱུང་གི་མེད་པ་འགྲེལ་བརྗོད་གནང་གི་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཆེད་ལས་པ་རྣམས་ཀྱིས། རྒྱ་ནག་གཞུང་གིས་སྡེ་དགེ་ཁུལ་གྱི་བོད་མིའི་སྤྱི་ཚོགས་དང་འགོ་ཁྲིད། བླ་མ་གྲྭ་བ་བཅས་བཙན་དབང་གིས་གནས་སྤོ་དང་གང་བྱུང་འཛིན་བཟུང་བྱས་པ། བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྟེ་སོ་སོའི་རིག་གཞུང་གོམས་གཤིས་ཉམས་ལེན་དང་བསམ་ཚུལ་འདོན་པ། ཞི་བའི་སྒོ་ནས་འདུ་འཛོམས་དང་གནས་ཚུལ་བསྡུ་ལེན། སྤྱི་ཚོགས་བདེ་དོན་ཆེད་དོན་ཕན་ལྡན་པའི་ཆ་ཤས་ལེན་པ་སོགས་རྡོག་རོལ་ཚབས་ཆེ་གཏོང་བཞིན་པར་བློ་འཚབ་ཆེན་པོ་གནང་གི་ཡོད་པ་གསལ་སྟོན་གནང་ཡོད་པས། བོད་ནང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་འཚོ་ལགས་ནས་ཀྱང་། འགྲོ་བ་མི་ཐོབ་ཐང་སྙན་སྒྲོན་པ་དེ་ཚོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྐོ་གཞག་བྱས་པ་དང་གཞུང་དང་འབྲེལ་མེད་ཀྱི་རང་དབང་ལྡན་པའི་ཞིབ་འཇུག་པ་ཡིན་པས་ནུས་པ་ཆེན་པོ་ཡོད་པ་དང་། ཁོ་ཚོས་བཏང་བའི་ཡི་གེ་དེར་ཟླ་བ་གཉིས་ནང་ཚུན་དུ་ཡིག་ལན་དགོས་པ་དང་ཡིག་ལན་མ་སྤྲད་ན།མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐོག་བསྐྱར་དུ་སྒྲོག་སྦྱང་གནང་རྒྱུ་གསུངས་ཡོད་པས་གནད་འགག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོའི་ཡིག་ཆའི་ནང་ཆེད་ལས་མཁས་པ་ལུང་འདྲེན་གནང་བ་དེར། རྒྱ་ནག་གཞུང་གིས་ཆུ་མཛོད་གློག་འདོན་ས་ཚིགས་འདྲ་མིན་གསར་རྒྱག་མུ་མཐུད་བྱེད་བཞིན་པ་དེས། བོད་ས་མཐོའི་ཁོར་ཡུག་ལ་གཏོར་བཤིག་དང་གནམ་གཤིས་འགྱུར་ལྡོག་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པས། ཆུ་མཛོད་མ་རྒྱག་པའི་སྔོན་རང་དབང་ལྡན་པ་དང་ཚད་འཛིན་འཕེར་བ། ཕྱོགས་ཡོངས་མཐོང་ཐུབ་པའི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཉམས་ཞིབ་བྱས་ཏེ་གློག་ནུས་དགོས་མཁོ་ལ་བདམས་ཁ་གཞན་ཡོད་མེད་སོགས་ཀྱི་ཐོག་རྟོག་ཞིབ་བྱ་དགོས་པའི་རེ་སྐུལ་གནང་ཡོད་ཅིང་། བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་འཚོ་ལགས་ནས། བོད་ནང་འཛུགས་སྐྲུུན་ལས་གཞི་ཁག་གི་ཐོག་བོད་མི་ཚོའི་བསམ་ཚུལ་འདོན་དབང་མེད་པ་དང་། བོད་མི་ཚོས་གནས་ཚུལ་ཕྱི་ལ་གཏོང་རྒྱུ་ཧ་ཅང་ཁག་པོ་ཡིན་པ། ཕྱི་རྒྱལ་གྱི་མཁས་པ་དང་ཉམས་ཞིབ་པ། རྒྱལ་སྤྱིའི་འབྲེལ་ཡོད་ཚོགས་སྡེ་ཁག་བོད་ནང་བཏང་གི་མེད་པ་སོགས་རྒྱ་ནག་གཞུང་གིས་བོད་ནང་གི་གནས་ཚུལ་ཚང་མ་སྦས་བསྐུངས་བྱས་བཞག་པ་ནི་དཀའ་ངལ་ཆེ་ཤོས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག
དམིགས་བསལ་ཆེད་མཁས་པ་རྣམས་ཀྱིས་རྒྱ་ནག་གཞུང་ལ་སྤྲད་པའི་ཡི་གེ་དེར་སུད་སི་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ནས་ཀྱང་དགའ་བསུ་ཞུས་པ་དང་འབྲེལ། རྒྱ་ནག་གཞུང་གིས་དམིགས་བསལ་ཆེད་མཁས་པ་ཚོའི་རེ་སྐུལ་རྣམས་འཕྲལ་དུ་དང་ལེན་གྱིས་ལག་བསྟར་དགོས་པ་དང་། འགན་ཡོད་མི་སྣ་ཚོས་འགན་ལེན་ཁག་ཐེག་གིས་བོད་ནང་གཏོར་བཤིག་རྡོག་རོལ་གཏོང་བཞིན་པ་ཁག་མཚམས་འཇོག་དགོས་སྐོར་གསལ་སྟོན་གནང་འདུག
རྒྱ་ནག་གཞུང་ལ་མཉམ་རུབ་ཀྱིས་ཡིག་ཆ་དེ་སྤྲད་མཁན་གྱི་ཁོངས་སུ། རིག་གཞུང་ཐོབ་ཐང་གི་ཚན་པའི་ཆེད་མཁས་པ་ Alexandra Xanthaki ལགས་དང་། གང་བྱུང་འཛིན་བཟུང་སྐོར་གྱི་ཉམས་ཞིབ་ཚན་པའི་འགན་འཛིན་གཞོན་པ་ Ganna Yudkivska ལགས་ཡང་ཡོད་པ་རེད་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།