རྒྱ་གར་དང་བལ་ཡུལ་བོད་ནང་ས་ཡོམ་བརྒྱབ་པ།
2011.09.18

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་དུ་ས་ཡོམ་ཤུགས་ཚད་དྲུག་ཚགས་བརྒྱད་ཙམ་ཞིག་རྒྱབ་ཡོད་པ་དང་ས་ཡོམ་དེའི་ཤུགས་རྐྱེན་གྱིས་ཉེ་འཁོར་གྲོང་ཁྱེར་ཁག་ཅིག་ནང་དུའང་འགུལ་ཚད་ཐེབས་ཡོད་པ་རེད་བཞག
དེ་ཡང་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཀརྨ་རྒྱ་མཚོ་ལགས་སུ་CNN དང་ IBN བརྙན་འཕྲིན་བརྒྱུད་ལམ་ཁག་ནས་ས་ཡོམ་དང་འབྲེལ་བའི་སྐོར་གནས་ཚུལ་བཅའ་འདྲི་བྱས་པའི་སྐབས་ཁོང་གིས་ད་ལྟའི་ཆར་ས་ཡོམ་དེའི་དོན་རྐྱེན་འོག་ཕྲུ་གུ་གཅིག་རྐྱེན་འདས་སུ་འགྱུར་བའི་གནས་ཚུལ་ཤེས་རྟོགས་བྱུང་བ་ལས། དེ་མིན་སྐབས་འཕྲལ་དམིགས་བསལ་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་ཅེས་ལན་འདེབས་གནང་འདུག དེ་མིན་སྒང་ཏོག་གྲོང་ཁྱེར་ནང་གནས་པའི་ཡུལ་མི་ཚོས་གསུངས་ཡག་ལ་ས་ཡོམ་དེའི་དོན་རྐྱེན་འོག་ཁང་པ་མང་པོ་ཞིག་ལ་སེར་ཁ་བརྒས་བ་དང་། ས་ཡོམ་བརྒྱབ་མ་ཐག་གློག་ཆད་ནས་གྲོང་ཁྱེར་ཆ་ཚང་ནག་ཁུངས་སུ་གྱུར་ནས་མི་མང་མང་པོ་ཞིག་ཁང་པའི་ཕྱི་ལ་དོན་པ་དང་། འགའ་རེ་དངངས་སྐྲག་ངང་ཁང་པའི་སྒེའུ་ཁུངས་ནས་ཕྱི་ལ་ཆོམ་ཡོང་བ་སོགས་ཀྱི་གནས་སྟངས་སུ་གྱུར་ཡོད་ལུགས་འགྲེལ་བརྗོད་གནང་འདུག ཡང་ཨ་མེ་རི་ཀའི་ས་གཞི་ཞིབ་འཇུག་ཚན་པས་བརྗོད་པར་གཞིགས་ན། སྒང་ཏོག་གྲོང་ཁྱེར་ནས་ནུབ་བྱང་ངོས་ལ་ཀེ་ལོར་མེ་ཀྲར་༦༠་ཙམ་གྱི་ས་གནས་སུ་དེ་རིང་ཕྱི་དྲོ་ཚོུད་དྲུག་དང་སྐར་མ་བཅུ་ཙམ་ལ་ས་ཡོམ་འགུལ་ཚད་དྲུག་ཚགས་བརྒྱད་ཙམ་རྒྱབ་ཡོད་པ་དང་ ས་ཡོམ་བརྒྱབ་མ་ཐག་ཁ་པར་གྱི་འབྲེལ་བ་ཆད་ནས་ད་ཆ་ས་ཁུལ་དེའི་ནང་ཁ་པར་གྱི་འབྲེལ་ལམ་སོགས་གནང་རྒྱུར་སྐུ་ངལ་ཡོད་ལུགས་བརྗོད་འདུག དེ་བཞིན་ས་ཡོམ་དེའི་ཤུགས་རྐྱེན་གྱིས་ཉེ་འཁོར་རྒྱ་གར་གྱི་གྲོང་ཁྱེར་Kolkata དང་ Lucknow Patna Guwahti སོགས་ནང་དུའང་འགུལ་ཚད་བྱུང་ཡོད་པ་རེད། དེ་ག་ནང་བཞིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ནང་དུའང་ས་ཡོམ་གྱི་འགུལ་ཚད་ཐེབས་ཡོད་འདུག དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། གྲོ་མོ་བཅས་པའི་ནང་དུའང་ས་ཡོམ་གྱི་འགུལ་ཚད་ཕྲན་བུ་བྱུང་ཡོད་པ་རེད༎