སྔོན་འགྲོ་འོས་བསྡུའི་གྲུབ་འབྲས།
2010.10.15

![]() |
གསར་འགྱུར་ལ་གསན་རོགས། |
༄༅༎བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གཞུང་འབྲེལ་ཐོག་ནས་གསལ་བསྒྲགས་གནང་རྒྱུ་ཡིན་རུང༌། ས་གནས་མང་པོའི་ནང་བློ་བཟང་སེང་གེ་ལགས་སུ་འོས་ཤོག་མང་བ་ཐོབ་སོན་བྱུང་ཡོད་པའི་གནས་ཚུལ་འདུག དེ་ཡང་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་ཞུས་པའི་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་སྐབས་གསུམ་པ་དང༌། སྤྱི་འཐུས་སྐབས་ ༡༥ པའི་སྔོན་འགྲོའི་འོས་བསྡུ་དེ་བཞིན་ཟླ་བ་འདིའི་ཚེས་ ༣ ཉིན་བོད་མི་གནས་སྡོད་བྱ་ཡུལ། རྒྱ་བལ་འབྲུག་གསུམ་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ཀྱི་ནང་ཉིན་བརྒྱ་དུས་གཅིག་ཏུ་གནང་སྟེ། ད་ཆ་གཞུང་འབྲེལ་ཐོག་ནས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་མེད་ནའང༌། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཆེ་ཁག། སྦེ་ལ་ཀོ་སྦི་དང༌། མུཌ་གྷོཌ། ཧུན་སུར་བཅས་དང༌། རྒྱ་གར་བྱང་ཕྱོགས་ལ་དྭགས་དང༌། བཞུགས་སྒར་རྡ་རམ་ས་ལ། དེ་བཞིན་བྱང་ཨ་རི་བཅས་ཀྱི་ནང་བློ་བཟང་སེང་གེ་ལགས་སུ་འོས་ཤོག་འཕེན་མཁན་མང་བ་བྱུང་ཡོད་པ་དང༌། ཡང་གོང་ཞུས་ས་གནས་དེ་ཚོའི་ནང་ནས་མང་ཆེ་བའི་ནང་འོས་གྲངས་མང་ཤོས་གཉིས་པ་ཐོབ་མཁན་དེ་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཆགས་ཀྱི་ཡོད་སྐོར། ས་གནས་ཁག་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་མཁན་ཚོས་འགྲེལ་བརྗོད་གནང་གི་འདུག
དངོས་འབྲེལ་བྱས་ན། བཀའ་བློན་ཁྲི་པ་སྐབས་གསུམ་པ་དང༌།
སྤྱི་འཐུས་སྐབས་ ༡༥ པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་དེ་བཞིན་དབུས་འོས་བསྡུ་ལྷན་ཁང་གིས།
འདི་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༡༢ ཉིན་གསལ་བསྒྲགས་གནང་དགོས་ཀྱི་ཡོད་ཀྱང༌། བལ་ཡུལ་གྱི་ཉེན་རྟོག་པས་བོད་མིའི་འོས་སྒམ་བཙན་འཁྲོག་བྱས་པ་དེས་རྐྱེན་པས།
འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུའི་དུས་ཚོད་ལ་འགྱུར་བའང་འགྲོ་སྲིད་ཀྱི་ཡོད་པ་རེད།
སྔོན་འགྲོའི་འོས་བསྡུ་དང་འབྲེལ་བའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་རྣམས། འདི་ནས་ཤེས་རྟོགས་བྱུང་མཚམས་རིམ་པའི་སྙན་སྒྲོན་ཞུ་རྒྱུ་ཡིན།།