བལ་ཡུལ་གྱི་སྲིད་བློན་ ཨོ་ལི་ (Oli) རྒྱ་ནག་ཏུ་ཉིན་བཞིའི་གཟིགས་སྐོར་དུ་ཕེབས་རྒྱུ་ཡིན་པ།
དེ་ཡང་བལ་ཡུལ་གྱི་སྲིད་བློན་ K P Sharma Oli རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཏུ་ཉིན་གྲངས་བཞིའི་རིང་གཟིགས་སྐོར་སྐོར་འགོ་འཛུགས་གནང་ཡོད་པ་དང་། ད་ཐེངས་ཀྱི་གཟིགས་སྐོར་སྐབས་ཕྱོགས་གཉིས་ཀྱིས་ལོ་ངོ་བདུན་གྱི་རྗེས་སུའང་དངོས་སུ་མངོན་འགྱུར་མ་བྱུང་བའི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ཁག་སླར་གསོ་ཇི་ལྟར་བྱེད་དགོས་པའི་འཆར་གཞི་གསར་པའི་ཐོག་གོ་བསྡུར་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅིང་། ཁོང་ཕྱི་ཟླ་ ༡༢་པའི་ཚེས་༢་གཟའ་ཟླ་བའི་ཉིན་ནས་ཚེས་༥་བར་རྒྱ་ནག་ཏུ་འཚམས་འདྲིའི་གཟིགས་སྐོར་རིང་རྒྱ་ནག་གི་སྲིད་འཛིན་Xi Jinping དང་ཐུགས་འཕྲད་བྱེད་རྒྱུ་དང་། དེ་བཞིན་སྲིད་བློན་Li Qiang གཙོས་པའི་དཔོན་རིགས་ཁག་དང་གྲོས་མོལ་བྱེད་རྒྱུའི་འཆར་གཞི་ཡོད་པའི་སྐོར་རེས་གཟའ་པ་སངས་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Mao Ning གིས་བཤད་ཡོད་པ་རེད་།
ད་དུང་Mao Ning གིས་།Oli ཡིས་བལ་ཡུལ་གྱི་སྲིད་བློན་གྱི་འགན་འཁུར་ནས་རྒྱ་ནག་ལ་ཐེངས་གཉིས་འཚམས་འདྲིར་ཕེབས་ཡོད་པ་དང་། རྒྱ་ནག་དང་བལ་ཡུལ་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད། ཅེས་བཤད་དེ་བལ་ཡུལ་རྒྱལ་ཁབ་རྒྱ་གར་ལ་བརྟེན་དགོས་པའི་གནས་སྟངས་ཉུང་དུ་གཏོང་ཆེད་འགྲུལ་ལམ་གྱི་ཆིངས་ཡིག་བཞག་པ་སོགས་རྒྱ་ནག་གཞུང་དང་བལ་ཡུལ་གྱི་འབྲེལ་བ་ཉེ་རུ་བཏང་བའི་ལས་དོན་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་མ་ཟད།་ རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་རྒྱ་བསྐྱེད་གཏོང་བ། ཕྱོགས་གཉིས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་མཉམ་ལས་དང་ཕན་ཚུན་འབྲེལ་གཏུག་བྱེད་ཕྱོགས་སྐོར་ལ་གཏིང་ཟབ་ཀྱི་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་ཡིན་པའི་སྐོར་སོགས་བཤད་ཡོད་པ་རེད། ཡང་ཁོང་གིས་༢༠༡༩ལོར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བལ་ཡུལ་དུ་འཚམས་གཟིཊ་ལ་འབྱོར་སྐབས་མོས་མཐུན་བྱུང་བའི་ས་མཚམས་དོ་དམ་དང་། བདེ་འཇགས་མཉམ་ལས་དང་འབྲེལ་བའི་གྲོས་མཐུན་ལ་མིང་རྟགས་བཀོད་འཆར་ཡོད་པའི་སྐོར་་ཁ་ཀྲི་མན་ཀྲུའུ་ཕོ་ཉ་གསར་ཤོག་གིས་ཕྱི་ཚེས་༢༣ཉིན་གནས་ཚུལ་སྤེལ་ཡོད་པ་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།