ཨ་རིའི་གྲོས་ཚོགས་སུ་གསུམ་བཅུའི་དུས་དྲན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཏོན་པ།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་གྱི་ཉིན་མོ་འདིར། ཨ་རིའི་གྲོས་ཚོགས་འཐུས་མི་ཡང་ཁེམ་དང་ཇེམ་སི་མེག་གྷ་ཝི་རན་རྣམ་གཉིས་ཀྱིས་ཨ་རིའི་སྤྱི་མཐུན་ཆབ་སྲིད་ཚོགས་པ་དང་དམངས་གཙོ་ཆབ་སྲིད་ཚོགས་པ་གཉིས་མཉམ་འབྲེལ་གྱི་གྲོས་ཆོད་ཀྱི་གྲོས་འཆར་ཞིག་བཏོན་ནས། གསུམ་བཅུ་དུས་དྲན་ཐེངས ༦༥ པར་སྲུང་བརྩི་བྱས་པ་མ་ཟད། རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སིན་འབྱིན་དང་སྐྱོན་བརྗོད་བྱས་ཡོད་པ་རེད།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་གྱི་ཉིན་མོར། ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འཐུས་མི་འཇེམསི་མེག་གྷོ་ཝརན་ (Jim McGovern) མཆོག་དང་།  སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཡང་ཀིམ་ (Young Kim) མཆོག་རྣམ་གཉིས་ཀྱིས་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་གྲོས་ཆོད་ཀྱི་གྲོས་འཆར་ཞིག་བཏོན་ནས། གསུམ་བཅུའི་དུས་དྲན་ཐེངས ༦༥ པར་སྲུང་བརྩི་ཞུས་པ་མ་ཟད། རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད་གནང་འདུག

དེ་ཡང་ ༢༠༢༤ ཟླ ༣ པའི་ཚེས ༡༡ ཉིན་གྲོས་ཚོགས་སུ་ངོ་སྤྲོད་ཞུས་པའི་བོད་དོན་གྲོས་ཆོད་ཀྱི་གྲོས་འཆར་འདིའི་ནང་།  ཨ་རི་གཞུང་གིས ༢༠༠༢ ལོའི་བོད་ཀྱི་སྲིད་ཇུས་ཀྱི་ཁྲིམས་ཡིག་ལག་བསྟར་ནན་པོ་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་བོད་མི་རིགས་རྩ་མེད་དུ་གཏོང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་དགོས་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྗེས་འཇུག་པར་གནོད་འཚེ་བྱས་པ། སྡེ་དགེ་རྫོང་གི་ཉེ་འཁྲིས་འབྲི་ཆུར་ཆུ་མཛོད་རྒྱག་ཆེད་བོད་མི་ ༢༠༠༠ ལྷག་ས་གནས་གཞན་ལ་གཞིས་སྤོ་བྱ་དགོས་པའི་དོན་རྐྱེན་བཅས་ཐེ་ཡོད་ཅེས་དང་། གྲོས་ཚོགས་འཐུས་མི་ཡང་ཀིམ་གྱིས་འདས་པའི་མི་ལོ་ ༧༠ ནང་རྒྱ་ནག་དམར་ཤོག་གཞུང་གིས་བོད་མི་ཚོར་གཉའ་གནོན་དང་བཏང་འཛིན་བྱས་ཡོད་ལ། རྒྱ་ནག་གཞུང་གིས་བོད་མིའི་རིག་གནས་རྩ་མེད་དུ་བཏང་མ་ཐུབ་ཀྱི་བར་ལྷོད་དུ་གཏོང་རྒྱུའི་རྣམ་པ་ཞིག་མི་མཐོང་ན། རང་དབང་ལ་དགའ་བའི་བོད་མི་ཚོར་ང་ཚོས་རྒྱབ་སྐྱོར་བྱེད་འོས་པ་ཞིག་ཡིན་ཤིང་། གྲོས་ཚོགས་འཐུས་མི་འཇེམསི་མེག་གྷ་ཝི་རན་དང་མཉམ་དུ་ཚོགས་པ་གཉིས་ཐུན་མོང་གི་སྒོ་ནས་བོད་མིར་རྒྱབ་སྐྱོར་བྱས་པར་གཟི་བརྗིད་ཅིག་ཏུ་འདོད་ལ། ཨ་རི་གཞུང་གིས་ཁྲིམས་ལྟར་རྒྱ་ནག་དམར་ཤོག་གཞུང་ལ་སྐུལ་མ་བྱ་དགོས་ཞེས་སྐུལ་འདེད་གནང་འདུག

ཨ་རིས་ ༢༠༠༢ བོད་ཀྱི་སྲིད་བྱུས་ཁྲིམས་ཡིག་གཏན་འབེབས་གནང་པ་ནས་བཟུང་།  བོད་དོན་ཆེད་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་རྒྱུས་མཚོན་ཁྲིམས་ཡིག་གི་འབྲུ་དོན་ལས་རིམ་ཁག་རྒྱུན་སྐྱོང་གནང་བཞིན་ཡོད་ཅིང་།   ཨ་རིའི་གཞུང་འཛིན་རིམ་པས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་ལ་གྲོས་མོལ་ནམ་བྱུང་ལ་ཞུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཡང་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ཚབ་ལྷན་བོད་དོན་ཐད་གྲོས་མོལ་བྱེད་དགོས་པའི་སྐུལ་མ་གནང་དང་གནང་མུས་ཡིན་པ་རེད་ལ།  གཞན་ཡང་ཁྲིམས་ཡིག་གི་འབྲུ་དོན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་གྲོས་ཚོགས་སུ་ལན་འདེབས་འགན་འཁུར་དང་། རྩིས་རྒྱག་གིས་སྙན་ཐོ་འགོད་འབུལ་གནང་གི་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐད་ཀྱི་ཆེས་མཐོའི་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་གྲོས་ཚོགས་འོག་མའི་འཐུས་མི་འཇེམསི་མེག་གྷོ་ཝརན་མཆོག་གིས།  རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་བཙན་བྱོལ་ལ་ཕེབས་ནས་མི་ལོ ༦༥ ཕྱིན་པ་རེད། དུས་དེ་ནས་བཟུང་། བོད་མི་ཚོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཁོང་ཚོའི་རང་ཐག་རང་གཅོད་ཀྱི་ཆེད་དུ་འཐབ་རྩོད་བྱས་ཡོད། རྒྱ་ནག་གཞུང་གིས་རྒྱ་ནག་རང་ཉིད་ཀྱི་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བཀུར་བྱེད་རྒྱུའི་འོས་འགན་འཁུར་དུ་ལེན་དགོས་པ་མ་ཟད། བོད་མིར་གཉའ་གནོན་བྱེད་པའི་རིགས་འཕྲལ་མར་མཚམས་འཇོག་བྱེད་དགོས་ཞེས་འབོད་སྐུལ་གནང་འདུག

འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་འཛམ་གླིང་གི་ཤར་ནུབ་ཡུལ་གྲུ་གང་སའི་ནང་རྔམ་སྟོན་སྐད་འབོད་དང་།  ཞི་བའི་གོམ་བགྲོད།  མར་མེའི་ཁྲོམ་སྐོར།  ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཏེ་སྲུང་བརྩི་ཞུས་ཡོད་ཅིང་།  ས་ཁུལ་མང་པོ་ཞིག་གི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུས་ཏེ་ཁག་ཅིག་གིས་བོད་ཀྱི་ཉིན་མོ་ཞེས་བསྒྲགས་ཡོད་ལ།  ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གྲངས་ཐོ་བསྡུ་རུབ་ཞུས་ཏེ་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་གྱི་བསྡོམས་འབོར་ལ་གཞིགས་ན།  འདི་ལོ་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་འདིར་འཛམ་གླིང་མང་གཙོའི་ཡུལ་གྲུ་མང་པོའི་ནང་གི་གྲོང་ཁྱེར་དང་གྲོང་སྡེ་ཁག་མི་འདྲ་བ་ ༢༡༠༠ ལྷག་གི་མདུན་དུ་བོད་མི་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུས་ཡོད་འདུག


ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཆེས་མཐོའི་ལས་དོན་ལྷན་ཚོགས་ཀྱིས་སྡེ་དགེ་རྫོང་གི་བོད་མི་རྣམས་གློད་དགོས་པའི་འབོད་སྐུལ།

Congressional Executive Commission on China ཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཆེས་མཐོའི་ལས་དོན་ལྷན་ཚོགས་གི་ཚོགས་གཙོ་གཉིས་ཀྱིས། ཉེ་དུས་བོད་ཁམས་སྡེ་དགེ་དབོན་སྟོད་ཁུལ་གྱི་བོད་མི་རྣམས་ཀྱིས་ས་གནས་དེར་ཆུ་མཛོད་གསར་རྒྱག་མི་བྱེད་པའི་ཞུ་འབོད་བྱས་ཏེ་གྲོང་སྡེ་དང་དགོན་པ་ཁག་སྲུང་སྐྱོབ་ཆེད་ཞི་བའི་ཐོག་ནས་ངོ་རྒོལ་བྱེད་སྐབས་བོད་མི་བརྒྱ་ཕྲག་མང་པོ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་སྐོར་གསུམ་བཅུའི་དུས་དྲན་གྱི་དུས་སྐབས་དང་བསྟུན་ནས་ X ཞེས་པའི་སྤྱི་ཚོགས་དྲ་རྒྱའི་ཐོག་བསྒྲགས་ནས་དགོས་འདུན་བཏོན་གནང་འདུག་པ་མ་ཟད།  ཕ་མེས་ནས་བརྒྱུད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་བོད་ཀྱི་གཅེས་ནོར་ཁག་ལ་གུས་བརྩི་ཞུ་དགོས་པའི་སྐུལ་མ་ཡང་གནང་འདུག

ཨ་རིའི་ཝིས་ཀན་སིན་མངའ་སྡེའི་ནང་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ། 

ཡང་ཨ་རིའི་ (Wisconson) མངའ་སྡེའི་སྲིད་སྐྱོང་ཊོ་ནི་ཨེ་ཝརསི་ (Tony Evers) མཆོག་གིས་གསུམ་བཅུའི་དུས་དྲན་ཉིན་མོ་འདི་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག   འདི་ནི་མངའ་སྡེ་དེའི་ནང་གཞུང་འབྲེལ་གྱི་ཐོག་ནས་གསུམ་བཅུའི་དུས་དྲན་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུས་པ་ཐོག་མར་དེ་ཡང་ཆགས་ཡོད་འདུག
དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༠ རེས་གཟའ་ཉི་མའི་ཉིན་ཨ་རིའི་མངའ་སྡེ་ཝིས་ཀོན་སིན་  (Wisconsin) ནང་གི་གྲོང་ཁྱེར་མེ་ཌི་སཱན་ (Madison) ནང་གི་བོད་མི་རྣམས་ཀྱིས་གྲོང་ཁྱེར་འདིའི་ནང་གི་རྫོང་སྡེ་ལས་ཁུངས་མདུན་དུ་འདུ་འཛོམས་གནང་སྟེ་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་དེ་སྲུང་བརྩི་ཞུས་ཡོད་ཅིང་། ལས་རིམ་གོ་སྒྲིག་ཞུ་མཁན་ཁོངས་ནས་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡིན་པ་དང་བོད་མིར་དྲང་བདེན་དགོས་པ།  བོད་ཀྱི་གནད་དོན་ནི་བདེན་པའི་གནད་དོན་ཞིག་ཡིན་པ་ཝིས་ཀོན་སིན་མངའ་སྡེའི་ནང་གི་མི་མང་ཚང་མས་ཤེས་པ་བྱེད་དེ་བོད་དོན་ལ་རྒྱབ་སྐྱོར་གནང་པའི་རེ་བ་ཞུ་ཡི་ཡོད་ཅེས་གསུངས་འདུག

 

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ། ། སྟག་ལྷ་རྒྱལ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། བསྟན་འཛིན་པདྨ། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org