ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་གྱི་འགྲེལ་བརྗོད།
སྲིད་འཛིན་གྱིས་༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བ་དེ་ནི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཐུག་པ་ལས་གཞན་གྱི་གནོན་ཤུགས་མེད་པའི་འགྲེལ་བརྗོད།
-
2011-10-14 -
-
-
༄༅༎ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་ཇེ་ཁོབ་ཛུ་མ་ཡིས། ༧གོང་ས་ཏྰ་ལའི་བླ་མ་མཆོག་ལྷོ་ཨ་ཕེ་རི་ཀར་ཆིབས་བསྒྱུར་བསྐྱང་རྒྱུ་ཐོངས་མཆན་ལྦི་ཛ་མ་ཕུལ་བ་དེ་ནི། རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཐུག་པ་ལས་གཞན་གྱི་གནོན་ཤུགས་མེད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།
རེས་གཟའ་ཕུར་བུའི་ཉིན་ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་གྱིས། ཁོང་གི་རྒྱལ་ཁབ་ཀྱི་རྒྱལ་ས་ནང་དུ་ཡོད་པའི་པེརེ་ཀྲོ་རི་ཡ་གཙུག་ལག་སློབ་གྲའི་ནང་གཏམ་བཤད་གནང་བའི་སྐབས་གསུང་དོན། ང་ཚོའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་ཇུས་ནི་རང་དབང་ལྡན་པ་དང༌། ཐག་གཅོད་དེ་ནི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བརྟེན་ནས་བྱས་པ་ཞིག་རེད་ཅེས་དང༌། ང་ཚོ་ནི་རྒྱལ་ཁབ་གཞན་གྱི་གནོན་ཤུགས་དང་བཀའ་བཀོད་ཉན་མཁན་ཞིག་མ་རེད། ང་ཚོས་ལྷོ་ཨ་ཕེ་རི་ཀའི་མི་དམངས་ལ་ཁེ་ཕན་ག་རེ་ཡོདམེད་ལ་བལྟ་རྒྱུ་དང་ཁོང་ཚོས་ཨ་ཕེ་རི་ཀའི་རྒྱལ་ནང་ལ་ཕན་ཐོགས་ག་རེ་སྐྲུན་ཐུབ་ཀྱི་ཡོད་མེད་ཀྱི་ཁེ་ཕན་གཙོ་བོར་བལྟ་གི་ཡོད་ཅེས་གསུང་ཡོད་པ་རེད། ད་རེས་ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་གྱིས་ཕྱི་འབྲེལ་སྲིད་ཇུས་ཐོག་འགྲེལ་བརྗོད་གནང་དགོས་དོན་ནི། ཉེ་ཆར་རེས་གཟའ་པ་སངས་ཉིན་ལྷོ་ཨ་ཕེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་དགུང་གྲངས་༨༠ ཕེབས་པའི་འཁྲུངས་སྐར་མཛད་སྒོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱི་གདན་ཞུ་ཕུལ་ཀྱང་ལྷོ་ཨ་ཕེ་རི་ཀའི་གཞུང་གིས། ༧གོང་ས་མཆོག་ལ་ཐོངས་མཆན་ལྦི་ཛ་འབུལ་རྒྱུར་ཀ་ཀོར་བཤད་དེ་མ་ཕུལ་བར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྷོ་ཨ་ཕེ་རི་ཀའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་མགོ་སྒུར་ཏེ་ཐོངས་མཆན་ལྦི་ཛ་མ་འབུལ་བ་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་བྱེད་མཁན་བྱུང་བ་མ་ཟད། ཆོས་དཔོན་ཌེསི་མེན་ཀྲུ་ཀྲུ་མཆོག་གི་འཁྲུངས་སྐར་ནི་ལྷོ་ཨ་ཕེ་རི་ཀའི་རྒྱལ་ཡོངས་ཀྱི་གནད་དོན་ཞིག་ཏུ་གྱུར་བར་བརྟེན་ནས། སྐྱོན་བརྗོད་བྱེད་མཁན་ཚོར་ལན་འདེབས་བྱས་པ་ཞིག་ཡིན་པ་རེད།