རྒྱ་ནག་གིས་ཀྲའོ་ཡུང་ཁའང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་རྒྱུན་ལས་དང་སྲིད་ཁྲིམས་ཀྱི་འགན་འཛིན་ཟུར་པ་ཀྲའོ་ཡུང་ཁའང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

རྒྱ་ནག་གིས་ཀྲའོ་ཡུང་ཁའང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་སྐབས། ༢༠༡༥།༦།༡༡ བཤུས།

རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་རྒྱུན་ལས་དང་སྲིད་ཁྲིམས་ཀྱི་འགན་འཛིན་ཟུར་པ་ཀྲའོ་ཡུང་ཁའང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག
དེའང་བརྒྱུད་ལམ་སོགས་ཀྱིས་དེ་རིང་རྒྱ་ནག་ཤིན་ཧ་གསར་ལས་ཁང་གིས་སྤེལ་བའི་གསར་འགྱུར་ལུང་འདྲེན་བྱས་ནས་གནས་ཚུལ་གཏོང་སྤེལ་བྱས་དོན་ལྟར་ན། ཟླ་༦་ཚེས་༡༡་ཉིན་རྒྱ་ནག་ཐན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཀྲའོི་ཡུང་ཁའང་གིས་ལྐོག་ཟ་ལྐོག་རྔན་བླངས་པ་དང་། དབང་ཆ་ལོག་པར་བེད་སྤྱོད་བྱས་པ། ཆེད་མངགས་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པ་བཅས་ཉེས་པ་གསུམ་བསགས་པ་ལ་བརྟེན་ནས་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཚེ་གང་རིང་གི་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྒྱུ་ཡིན་ཞེས་ཁྲིམས་ཐག་བཅད་པའི་སྐབས་ཀྲའོ་ཡུང་ཁའང་གིས་ཁྲིམས་ཆད་ལ་བརྩི་བཀུར་བྱ་རྒྱུ་དང་། གོང་རིམ་ལ་བསྐྱར་དུ་ཁྲིམས་གཏུགས་བྱ་རྒྱུ་མིན་པའི་རྣམ་པ་བསྟན་ལུགས་བཀོད་འདུག གནས་ཚུལ་ནང་བཀོད་པར། ཀྲའོ་ཡུང་ཁའང་ནི་རྒྱ་ནག་གུང་ཁྲན་ཏང་ཚོགས་པའི་ཆབ་སྲིད་ཁང་གི་རྒྱུན་ལས་དང་། ཡུན་རིང་རྒྱ་ནག་གི་སྲིད་ཁྲིམས་བདེ་འཇགས་ཀྱི་འགན་འཛིན་གྱི་ལས་གནས་ཁུར་ཡོད་པ་རེད། དེའི་གོང་དུ་རྒྱ་ནག་གི་རྡོ་སྣུམ་ཁྱབ་ཁོངས་དང་ཟི་ཁྲོན་ཞིང་ཆེན་གྱི་འགོ་ཁྲིད་ཀྱང་བྱེད་མྱོང་ཡོད་པ་རེད།
དེ་བཞིན་ཀྲའོ་ཡུང་ཁའང་ནི་ད་ལྟ་ཚེ་བཙོན་དུ་ཡོད་པའི་རྒྱ་ནག་གྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་བོའོ་ཤིའི་ལའེ་དང་སྙིང་ཉེ་བའི་གྲོགས་པོི་ཞིག་ཡིན་པར་བརྟེན་ཀྲའོ་ཡུང་ཁའང་གོ་གནས་ནས་མར་ལྷུངས་དགོས་པའི་རྒྱུ་རྐྱེན་ཡང་དེ་ཡིན་པ་ཆེད་གཉེར་མཁས་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
གཞན་ཡང་རྒྱ་ནག་གི་འགོ་ཁྲིད་ཞེ་ཅིན་ཕེན་གྱིས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཚུན་ནས་ཀྲའོ་ཡུང་ཁའང་ནི་ཁྲིམས་ཆད་ཕོག་པའི་རྒྱ་ནག་གི་ཆེས་མཐོ་ཤོས་རིམ་པའི་འགོ་ཁྲིད་ཅིག་ཡིན་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org