སྨན་རིའི་གྲྭ་ཚང་དུ་སྨན་སྒྲུབ་ཆེན་མོ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་ཚོགས་བཞིན་འདུག

རྒྱ་གར་ནང་གི་སྨན་རིའི་གྲྭ་ཚང་དུ་སྨན་རིའི་ཁྲི་འཛིན་རེ་རེའི་སྐུ་ཚེའི་ནང་མཛད་པ་གལ་ཆེན་དུ་བརྩི་སྲོལ་ཡོད་པ་སྨན་སྒྲུབ་འོད་ཟེར་འཁྱིལ་བ་དེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་དབུ་བཞུགས་ཀྱིས་ཚོགས་བཞིན་འདུག

སྨན་རིའི་གྲྭ་ཚང་དུ་སྨན་སྒྲུབ་ཆེན་མོ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་ཚོགས་བཞིན་པ། ༠༤།༡༠།༢༠༢༤ TPiE

གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པ་རྒྱ་གར་ནང་གི་གདན་ས་སྨན་རིའི་གྲྭ་ཚང་དུ། སྨན་རིའི་ཁྲི་འཛིན་རིམ་བྱོན་གྱི་སྐུ་ཚེའི་ནང་མཛད་པ་གལ་ཆེན་དུ་བརྩི་སྲོལ་ཡོད་པ། ༧རྒྱལ་བ་སྨན་རི་བའི་སྨན་སྒྲུབ་ཆེན་མོ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་ཚོགས་བཞིན་པར། སྤྱི་ཟླ་༤པའི་ཚེས་༡༡ཉིན་སྒྲུབ་ཆེན་གྱི་མཛད་སྒོ་བོན་གཞིས་ཐོབ་རྒྱལ་གསར་པའི་གདན་ས་སྨན་རིའི་གླིང་དུ་འཚོགས་བཞིན་པའི་སྟེང་། སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་ཁྲལ་འབབ་དང་རྩི་ཤིང་བློན་ཆེན་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་བཅས་ཕེབས་པར། གཤེན་གྱི་གར་འཆམ་དང་བོན་གཞིས་མི་མང་དང་སློབ་ཕྲུག་གི་ཞབས་གཞས་སོགས་གཟིགས་འབུལ་གནང་ཡོད་ཅིང་། བོད་མི་མང་བོན་པོའི་སྤྱི་འཐུས་ཨ་ཀྲུང་རིན་ཆེན་རྒྱལ་མཚན་ལགས་ཀྱིས། སྨན་སྒྲུབ་འདི་ནི་སྨན་རིའི་ཁྲི་འཛིན་རེ་རེའི་སྐུ་ཐོག་ཏུ་ཐེངས་རེ་འཚོགས་སྲོལ་ཡོད་པའི་རྒྱུད་པ་བར་མ་ཆད་པ་ཞིག་དང་། སྒྲུབ་པ་མཛད་པའི་སྨན་འདི་རིགས་ཀྱིས་ཆམ་ནད་དང་རིམས་ནད་སོགས་སྔོན་འགོག་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། སྨན་སྒྲུབ་འདི་ནི་བོན་གྱི་མདོ་སྔགས་རྫོགས་གསུམ་ལས་སྔགས་ཀྱི་ཁོངས་སུ་གཏོགས་པ་དང་། གང་ཟག་གཅིག་གིས་འདི་ལ་སྒྲུབ་པ་ཉམས་ལེན་བྱས་ན་ཚེ་གཅིག་ལ་སངས་རྒྱས་ཐུབ་པའི་གསུང་སྲོལ་ཡོད་པ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

གདན་ས་སྨན་རིའི་གླིང་དུ་སྤྱི་ཚེས་༡༨ནས་བཟུང་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཞིག་ཀྱང་གནང་གི་ཡོད་པར། ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་ནས་བོན་གྱི་འབུམ་རམས་པ་མཁས་པ་ཁག་ཅིག་དང་། གདན་ས་སྨན་རིའི་དགེ་བཤེས་རྣམ་པ་བཅས་མཁས་པ་བཅུ་གྲངས་ཤིག་གི་གསུང་བཤད་གོ་སྒྲིག་གནང་ཡོད་འདུག
གདན་ས་སྨན་རིའི་གླིང་དུ་སྤྱི་ཚེས་༡༢ནས་༧སྨན་རིའི་ཁྲི་འཛིན་༣༤ལུང་རྟོགས་ཟླ་བ་དར་རྒྱས་མཆོག་གིས་ཕྱི་བཤགས་རྣམ་ཀློང་གཉིས་ཀྱི་སྔོན་འགྲོ་དངོས་གཞིའི་བཀའ་དབང་གནང་གི་ཡོད་པ་དང་། ཞི་ཁྲོ་སྨན་གསུམ་གྱི་དཔེ་ལུང་དང་ལྗགས་ལུང་སོགས་ཀྱང་བོན་གཞིས་མི་མང་དང་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་པ་ཚོར་སྩལ་གནང་གི་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org