ཞི་ཅིན་ཕིང་ལྷ་སར་འབྱོར་ཡོད་པ་དང་གང་སར་དམ་དྲག་བྱས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གློ་བུར་ལྷ་སར་སླེབས་འབྱོར་སྐབས་གང་སར་ཕྱི་ནང་གསང་གསུམ་ནས་དམ་དྲག་བྱས་འདུག

ཞི་ཅིན་ཕིང་ལྷ་སར་འབྱོར་ཡོད་པ། བོད་འབྱོར།/RFA

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གློ་བུར་ལྷ་སར་སླེབས་འབྱོར་སྐབས་གང་སར་ཕྱི་ནང་གསང་གསུམ་ནས་དམ་དྲག་བྱས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་ན། ཞི་ཅིན་ཕིང་ཀོང་པོ་དང་དེ་ནས་ལྷ་སར་འབྱོར་རྒྱུ་ཡིན་པ་གོ་ཐོས་བྱུང་བ་བརྗོད་པ་ལྟར། ཕྱི་ཚེས་༢༢་ཉིན་ལྷ་སར་སླེབས་འབྱོར་བྱུང་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྙན་ཐུང་ཁ་ཤས་ལག་འབྱོར་བྱུང་བ་དང་། དེ་བཞིན་སྤྱི་ཚོགས་དྲ་ལམ་ཐོག་ཐོན་དང་ཐོན་བཞིན་པའི་བརྙན་དང་འདྲ་པར་ཁག་ནས་ཞི་ཅིན་ཕིང་ལྷ་ས་བར་བསྐོར་གྱི་ནང་བསྐྱོད་བཞིན་པ་མཐོང་རྒྱུ་འདུག
རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནང་ཞི་ཅིན་ཕིང་ལྷ་སར་འབྱོར་བའི་སྐོར་གྱི་གནས་ཚུལ་གང་ཡང་བཀོད་སྤེལ་བྱས་མི་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་པ་ཁག་ཅིག་གིས། ཞི་ཅིན་ཕིང་དང་མཉམ་དུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་འགའ་ཤས་ཀྱང་མཉམ་བསྐྱོད་ཡོད་པ་བརྗོད་བྱུང་ཡང་དཔོན་རིགས་དེ་དག་སུ་དང་སུ་ཡིན་མིན་ཞིབ་ཕྲ་གང་ཡང་ཤེས་རྟོགས་བྱུང་མི་འདུག


དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཞི་ཅིན་ཕིང་བོད་ནང་སླེབས་ཟིན་པར་བརྟེན། བོད་ནང་གི་བོད་མིའི་མངོན་འདོད་ལ་ཉན་དགོས་པ་གལ་ཆེན་པོ་ཡིན་པའི་དགོངས་ཚུལ་གསུངས་འདུག
ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས་བརྗོད་ན། རྒྱ་ནག་གཞུང་ཕྱོགས་ནས་ཞི་ཅིན་ཕིང་ལྷ་སར་སླེབས་པའི་གནས་ཚུལ་ཐད་ཆེས་གསང་བ་ཆེན་པོ་བྱེད་ཀྱི་འདུག་ཅེས་དང་། ཕྱི་ཚེས་༢༢་ཉིན་ལྷ་སའི་ཁུལ་དུ་འཛུགས་བསྐྲུན་གྱི་ལས་གཞི་ཆ་ཚང་བཀག་པར་མ་ཟད། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་འགྲུལ་བཞུད་བྱེད་རྒྱུའི་ཐད་དམ་དྲག་ཧ་ཅང་ཆེན་པོ་བྱས་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་ལྟར་ན། ཕྱི་ཟླ་ ༡ ་ཚེས་ ༢༡་ཉིན་པོ་ཏཱ་ལ་དོ་དམ་ལས་ཁང་ཟེར་བ་དེས་གློ་བུར་གྱི་བརྡ་ཁྱབ་ཞིག་བཏང་སྟེ། ཚེས་ ༢༢་ཉིན་ཕོ་བྲང་པོ་ཏཱ་ལ་གཟིམ་སྒོ་རྒྱག་རྒྱུ་ཡིན་པ་བརྗོད་འདུག་ལ། དེ་བཞིན་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཕྱི་ཟླ་ ༧ ཚེས་ ༢༠ ་ཉིན་བརྡ་ཐོ་ཞིག་བཏང་པ་དེའི་ནང་། ཕྱི་ཟླ་ ༧ ་ཚེས་ ༢༡ ་ནས་ཕྱི་ཟླ་ ༨་ཚེས་༢༧ བར་ལྷ་ས་གྲོང་ཁྱེར་ཕྱོགས་ཡོངས་ཀྱི་མཁའ་དབྱིངས་སུ་མཁའ་གྲུའི་པར་ཆས་དང་ཤོག་བྱ་སོགས་གཏོང་མི་ཆོག་པ་བཀོད་འདུག
ཞི་ཅིང་ཕིང་དེ་སྔོན་ཕྱི་ལོ་ ༢༠༡༡་ཕྱི་ཟླ་ ༧་ཚེས་ ༡༧་ཉིན་ལྷ་སར་སླེབས་ཤིང་། སྐབས་དེ་དུས་ཁོང་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཡིན་པ་དང་། ཕྱི་ལོ་ ༢༠༡༣་ལོར་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་མྱོང་མེད་པ་རེད། ༢༠༡༡་ལོར་ཞི་ཅིན་ཕིང་ལྷ་སར་བསྐྱོད་སྐབས་བོད་རང་སྐྱོང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གྲན་ཇོན་གྷཱོ་ཡིན་པ་རེད།
༢༠༢༡་གི་ལོ་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་ངོ་བརྒྱ་འཁོར་བ་དང་། བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ངོ་བདུན་བཅུ་འཁོར་གྱི་ཡོད་སྟབས། བོད་ཀྱི་རྒྱལ་ས་ལྷ་ས་ལ་སོགས་པ་ས་ཁུལ་མང་པོའི་ནང་དུས་ཚིགས་དེ་སྲུང་བརྩི་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས། དབྱངས་སྒྲོན། བློ་བྷེ།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ། འཕགས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org