རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཏོག་དབྱིབས་ནད་ཡམས་འགོས་འདུག
བཞུགས་སྒར་རྡ་རམ་སཱ་ལ་ཆགས་ཡུལ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Jai Ram Thakur)ལགས་སུ་ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་ཀྱི་སྙུན་གཞི་ཕོག་འདུག
-
2020-10-12 -
-
-
བཞུགས་སྒར་རྡ་རམ་སཱ་ལ་ཆགས་ཡུལ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Jai Ram Thakur)ལགས་སུ་ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་ཀྱི་སྙུན་གཞི་ཕོག་འདུག
སྤྱི་ཁྱབ་བློན་ཆེན་མཆོག་གིས་(Twitter)དྲ་ལམ་བརྒྱུད་གནས་ཚུལ་ཕྱི་བསྒྲགས་བྱས་བའི་ནང་། འདས་པའི་ཉིན་གྲངས་འགའ་ཤས་སྔོན། ཁོང་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་ཕོག་པའི་མི་ཞིག་དང་འབྲེལ་བ་བྱུང་བར་བརྟེན། གཟའ་འཁོར་གཅིག་ཙམ་གྱི་སྔོན་ཁོང་གི་གཟིམ་ཁང་དུ་ཟུར་བཀག་འོག་བཞུགས་མུས་ཡིན་པ་དང་། ཉིན་གྲངས་གཉིས་ཙམ་གྱི་སྔོན་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་བྱུང་བར་བརྟེན། ཕྱི་ཟླ་༡༠ཚེས་༡༢ ཉིན་རྟག་དཔྱད་གནང་སྐབས་ཀོ་ཝིཌ་༡༩རིམས་ནད་ཡོད་པ་མཁྱེན་རྟོགས་བྱུང་ཡོད་པ་འཁོད་འདུག
ཊིརི་སྦུན་(Tribune)གསར་ལས་ཁང་གིས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མགྲིན་ཚབ་པ་ཞིག་གིས་གསུངས་པ་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཟླ་ ༡༠ ཚེས་༣ ཉིན། སྤྱི་ཁྱབ་བློན་ཆེན་མཆོག་མ་ན་ལི་གྲོང་ཁྱེར་དུ་ཕེབས་སྐབས་ཀོ་ཝིཌ་༡༩ ཏོག་དབྱིབས་རིམས་ནད་ཡོད་པའི་མི་ཞིག་དང་འབྲེལ་བ་བྱུང་བ་ཤེས་འཕྲལ་ཕྱི་ཚེས་ ༥ ནས་སྤྱི་ཁྱབ་བློན་ཆེན་ཋཱ་ཀུར་རང་འགུལ་ཟུར་བཀག་འོག་བཞུགས་རྒྱུ་འགོ་བཙུགས་གནང་འདུག
ད་དུང་གསར་ལས་ཁང་དེས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་མངའ་སྡེའི་ས་གནས་སྦན་ཇར་གྱི་གྲོས་ཚོགས་འཐུས་མི་སུ་རིན་དྷར་ཤོ་རི་ལ་ཡང་ཀོ་ཝིཌ་༡༩རིམས་ནད་ཕོག་པ་ཤེས་རྟོགས་བྱུང་འདུག་ཅིང་། ཁོང་ཡང་སྤྱི་ཁྱབ་བློན་ཆེན་དང་ལྷན་དུ་ཐད་འཕུར་གནམ་གྲུ་ཞིག་གི་ནང་མ་ན་ལིར་ཨ་ཏལ་རོ་ཐང་གི་ཕུག་ལམ་འགོ་འབྱེད་ཀྱི་མཛད་སྒོར་ཕེབས་ཡོད་འདུག
ཧི་མ་ཅཱལ་མངའ་སྡེ་ནི་བཞུགས་སྒར་རྡ་རམ་ས་ལ་ཆགས་ཡུལ་གྱི་མངའ་སྡེ་དེ་ཡིན་ཞིང་། ཉེ་བའི་འཆར་མངའ་སྡེའི་ནང་ཕྱི་མི་འགྲོ་འོང་བཀག་སྡོམ་ཡོངས་སུ་ཕྱིར་བསྡུ་བྱས་ཡོད་པ་རེད།
རྒྱ་གར་གཞུང་གི་འཕྲོད་བསྟེན་ལས་ཁུངས་འབྲེལ་ཡོད་ཀྱི་གྲངས་ཐོ་ལྟར་ན། རྒྱ་གར་ནང་ཕྱི་ཟླ་༡༠ཚེས་༡༢ཉིན་བར་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་གྲངས་༧༡༧༢༥༥༩ཐོན་པ་དང་། དེའི་ཁྲོད་ཀྱི་ནད་པ་གྲངས་༡༠༩༨༨༡འདས་གྲོངས་སུ་ཕྱིན་པ་དང་། ནད་པ་གྲངས་༦༢༢༣༣༧༢དྲག་སྐྱེས་བྱུང་ཡོད་འདུག
དེ་བཞིན་སྤྱི་ལོ་༢༠༡༩ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། ད་བར་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ཁྱབ་གདལ་ཕྱིན་ནས། འདི་ཚེས་༡༢བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་༣༧་དང་བརྒྱད་འབུམ་བཞི་ཁྲི་ལྷག་བྱུང་བའི་ཁྲོད། ནད་པ་མི་གྲངས་ས་ཡ་གཅིག་དང་བརྒྱད་ཁྲི་གཉིས་སྟོང་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པར། ད་སྐབས་ནད་པ་མང་ཤོས་ཨ་མི་རི་ཀ་དང་། རྒྱ་གར། བྷིར་ཛལ། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཀ པེ་རོའུ་སོགས་ཡིན་པ་རེད།