ཏོག་དབྱིབས་ནད་ཡམས་གསར་བའི་རྐྱེན་བལ་ཡུལ་གཞུང་གིས་རི་འཛེག་དང་ཡུལ་སྐོར་བྱེད་སྒོ་མཚམས་འཇོག

ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འཛམ་གླིང་ནང་ཁྱབ་འདལ་ཇེ་ཆེར་འགྲོ་བཞིན་པའི་རྐྱེན་གྱིས་བལ་ཡུལ་གཞུང་གིས་དཔྱིད་དུས་ཀྱི་རི་འཛེག་བྱེད་སྒོ་ཁག་གནས་སྐབས་མཚམས་འཇོག་བྱས་འདུག

རི་བོ་ཇོ་མོ་གླང་མ། ༢༠༡༥ AP

ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འཛམ་གླིང་ནང་ཁྱབ་འདལ་ཇེ་ཆེར་འགྲོ་བཞིན་པའི་རྐྱེན་གྱིས་བལ་ཡུལ་གཞུང་གིས་དཔྱིད་དུས་ཀྱི་རི་འཛེག་བྱེད་སྒོ་ཁག་གནས་སྐབས་མཚམས་འཇོག་བྱས་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོག་མར་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(COVID-19)་ནད་ཡམས་དེ། ད་ཆ་རྒྱ་ནག་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་༡༡༥་ལྷག་གི་ནང་ཁྱབ་བཞིན་པར་མ་ཟད། ནད་པ་དང་ནད་པ་གྲོངས་བའི་གྲངས་ཀ་ཡང་འཕར་བཞིན་པ་སོགས་ལ་བརྟེན། བོད་དང་བལ་ཡུལ་ས་མཚམས་སུ་ཡོད་པའི་རི་བོ་ཇོ་མོ་གླང་མ་དང་། དེ་མིན་བལ་ཡུལ་ནང་གི་རི་འཛེག་སོགས་དཔྱིད་དུས་ཀྱི་ཡུལ་སྐོར་བའི་བྱེད་སྒོ་ཡོངས་རྫོགས་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་པ་བལ་ཡུལ་གཞུང་གིས་འདི་ཚེས་༡༣་ཉིན་ཕྱིར་བསྒྲགས་བྱས་འདུག
བལ་ཡུལ་ནང་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་རི་འཛེག་ཀྱི་བྱེད་སྒོའི་ཁྲོད་གཞུང་ལ་ལོ་རེར་ཨ་སྒོར་ས་ཡ་བཅུ་གྲངས་ཀྱི་ཁེ་ཕན་ཐོབ་ཀྱི་ཡོད་པ་དང་། བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་དཔོན་རིགས་(Surendra Thapa)་ཡིས། བལ་ཡུལ་ནང་འཛམ་གླིང་གི་རི་འཛེག་པ་མང་པོས་དགའ་མོས་བྱེད་སའི་རི་འཛེག་ཀྱི་བྱེད་སྒོ་ཡོངས་རྫོགས་གནས་སྐབས་བཀག་སྡོམ་བྱས་བ་ཡིན། དེ་ནི་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་ཡིན་པ་བརྗོད་འདུག
གཞན་ཀཐ་མན་ཀྲོའུ་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་གསར་བའི་ནད་ཡམས་དེ་འཛམ་གླིང་རང་བཞིན་གྱི་ནད་ཡམས་ཤིག་ཏུ་ངོས་འཛིན་གསལ་བསྒྲགས་བྱས་པ་ལྟར། བལ་གཞུང་གིས་ཕྱི་ཟླ་གསུམ་པའི་ཚེས་༡༣་ནས་ཕྱི་ཟླ་ ༤ ་ཚེས་ ༣༠ ་བར་ཕྱི་འབྲེལ་སྐུ་ཚབ་དང་གཞུང་འབྲེལ་མི་སྣ་ཕུད་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་རྣམས་ལ་མཐོང་མཆན་སྤྲོད་མཚམས་འཇོག་རྒྱུའི་ཐག་གཅོད་བྱས་ཡོད་འདུག
བལ་ཡུལ་གྱི་ཡུལ་སྐོར་དང་མཁའ་འགྲུལ་བློན་ཆེན་(Yogesh Bhattarai)་ཡིས། གཞུང་གིས་གནས་སྐབས་རིང་དཔྱིད་གསར་གྱི་ཡུལ་སྐོར་བྱ་འགུལ་རིགས་དང་། ཕྱི་རྒྱལ་གྱི་མི་སེར་ཚོར་མཐོང་མཆན་སྤྲོད་རྒྱུ་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། འབྱུང་འགྱུར་འཛམ་གླིང་གི་གནས་སྟངས་ལ་གཞིགས་ནས་ཐག་གཅོད་དེར་འགྱུར་བ་གཏོང་སྲིད་པའི་སྐོར་འགྲེལ་བརྗོད་གནང་འདུག བལ་ཡུལ་ནང་ད་ལྟའི་ཆར་ཏོག་དབྱིབས་གསར་པའི་ནད་ཡམས་བྱུང་མཁན་མི་ ༡ ་མ་གཏོགས་བྱུང་མེད་པ་དང་། སློབ་ཕྲུག་དེ་རྒྱ་ནག་ནང་སློབ་སྦྱོང་བྱེད་མཁན་ཞིག་ཡིན་པར་བལ་ཡུལ་དུ་ལོ་གསར་གཏོང་བར་ཕྱིར་ལོག་སྐབས་ཤེས་རྟོགས་བྱུང་བ་དང་། རྗེས་སུ་དྲག་བསྐྱེད་བྱུང་ཡོད་ལུགས་བརྗོད་ཀྱི་ཡོད་པ་རེད།
དེ་དང་འབྲེལ་བོད་ཕྱོགས་ནས་ཀྱང་ཇོ་མོ་གླང་མའི་རི་རྩེར་འཛེག་མཁན་རྣམས་བོད་ཀྱི་ས་ཐོག་ནས་རི་འཛེག་ཀྱི་བྱེད་སྒོ་མཚམས་འཇོག་བྱེད་རྒྱུ་ཡིན་པ་རྒྱ་ནག་གཞུང་གི་རི་འཛེག་ལས་ཁང་གིས་གསལ་བསྒྲགས་སྤེལ་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org