ཏོག་དབྱིབས་ནད་ཡམས་ལ་བརྟེན་རྒྱལ་སྤྱིའི་མ་རྐང་ཁྲོམ་ར་མར་ཆག་བཞིན་འདུག
ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འཛམ་གླིང་ནང་ཁྱབ་འདལ་ཇེ་ཆེར་འགྲོ་བཞིན་པར་བརྟེན་རྒྱལ་སྤྱིའི་མ་རྐང་ཁྲོམ་ར་མར་ཆག་བཞིན་འདུག
-
2020-03-13 -
-
-
ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འཛམ་གླིང་ནང་ཁྱབ་འདལ་ཇེ་ཆེར་འགྲོ་བཞིན་པར་བརྟེན་རྒྱལ་སྤྱིའི་མ་རྐང་ཁྲོམ་ར་མར་ཆག་ནས་མ་འཛུགས་འཇོག་མཁན་རྣམས་ལ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་ཕོག་བཞིན་འདུག
ཨ་རིའི་མ་རྐང་ཁྲོམ་རའི་དཀའ་ངལ་སེལ་ཐབས་སུ་ཨ་རི་དབུས་གཞུང་གི་དགོས་མཁོ་ཟུར་འཇོག་ལས་ཁང་གིས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ཕྱེད་ཀ་ཙམ་མ་རྐང་ཁྲོམ་རར་གནང་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། དེས་ཀྱང་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་དེ་སེལ་རྒྱུ་ཁག་པོ་ཆགས་ཡོད་འདུག ད་རེས་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་རྒྱ་ནག་ཝུའུ་ཧན་ནས་ཐོན་པ་ནས་བཟུང་། ད་བར་ཟླ་བ་གཅིག་ཙམ་གྱི་ནང་རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་ནང་ཨ་སྒོར་ཁྲག་ཁྲིག་ཆེན་མོ་བཅུ་བཞི་ཙམ་མར་ཆག་ཡོད་པ་རེད།
འདི་ཚེས་༡༣་རེས་གཟའ་པ་སངས་ཉིན། ཉི་ཧོང་དང་། ཨིན་ཌོ་ཎི་ཤེ་ཡའི་མ་རྐང་ཁྲོམ་རའི་ནང་མ་འཛུགས་བྱ་ཡུལ་སྣེ་གཅིག་ཀྱང་ཡར་མ་འཕར་བར་ཚང་མ་གནས་བབས་ཧ་ཅང་མྱུར་པོའི་ཐོག་ནས་མར་ཆག་ཡོད་པ་རེད། དེ་ནི་ཕྱི་ལོ་༢༠༠༨་ལོའི་རྗེས་སུ་མ་རྐང་ཁྲོམ་རའི་གནས་བབ་སྡུག་ཤོས་བྱུང་བ་ཞིག་ཡིན་པ་རེད།
མ་རྐང་ཁྲོམ་རའི་ཐོག་དཔྱད་ཞིབ་གནང་མཁན་(James Tao)་ཞུ་བས་གསུངས་པར་གཞིགས་ན། མི་ཚང་མ་འགོས་ནད་གསར་བ་དེར་ཧ་ཅང་ཞེད་སྣང་བྱེད་བཞིན་ཡོད་པ་དང་། མ་འོངས་གནས་སྟངས་གང་འདྲ་ཆགས་ཡོང་གི་ཡོད་མེད་སུ་ཞིག་གིས་ཀྱང་ཚོད་དཔག་བྱེད་ཐུབ་ཀྱི་མེད་པ་རེད། ད་ལྟའི་ཆར་མ་རྐང་ཁྲོམ་ར་མར་ཆག་བཞིན་པ་དེར་གདོང་ལེན་བྱས་ནས་མ་རྩ་འཛུགས་འཇོག་བྱ་རྒྱུ་དང་། ཡང་ན་མ་རྐང་ཁྲོམ་ར་ནས་ཕྱིར་འཐེན་བྱེད་རྒྱུ་དེ་གཉིས་ལས་ཐབས་ཤེས་མེད་སྟབས། ད་ལྟའི་གནས་སྐབས་སུ་མང་པོ་ཞིག་གིས་མ་རྐང་ནས་ཕྱིར་འཐེན་བྱེད་རྒྱུ་འདེམས་ཀ་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ཨོ་སི་ཁྲོའུ་ལི་ཡའི་ནང་དུ་མ་རྐང་ཁྲོམ་རའི་གནས་བབ་བརྒྱ་ཆ་བརྒྱད་ཙམ་མར་ཆག་ཡོད་པ་དང་། དེ་ནི་ཡུལ་དེའི་མ་རྐང་ཁྲོམ་རའི་ཟིན་ཐོའི་ནང་བདུན་ཕྲག་སྐྱོ་ཤོས་དེ་ཡིན་འདུག དེ་བཞིན་ཧོང་ཀོང་ནང་བརྒྱ་ཆ་ལྔ་དང་། རྒྱ་ནག་ཧྲང་ཧེ་ནང་བརྒྱ་ཆ་གསུམ་ཙམ་མར་ཆག་ཡོད་པ་རེད།