འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོར་སྲུང་བརྩི།
བཙན་བྱོལ་ནང་ཡོད་པའི་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་རྒྱ་གར་གཞུང་གི་འཁོར་ཡུག་སྲུང་སྐྱོབ་ལྷན་ཁང་མཉམ་དུ་འཁོར་ཡུག་ཉིན་མོ་སྲུང་བརྩི།
-
2011-06-06 -
-
-
༄༅༎བཙན་བྱོལ་ནང་ཡོད་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་གཞུང་གི་འཁོར་ཡུག་སྲུང་སྐྱོབ་ལྷན་ཁང་མཉམ་དུ་འཛམ་གླིང་གི་འཁོར་ཡུག་ཉིན་མོ་སྲུང་བརྩི་ཞུས་གནང་ཡོད་པ་རེད་ རེས་གཟའ་ཉི་མ་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་དཀར་ལྷ་མོ་ལགས་གཙོས་པའི་བོད་པའི་བུད་མེད་ཁག་ཅིག་གིས་རྒྱ་གར་གཞུང་གི་འཁོར་ཡུག་ལྷན་ཁང་གིས་གོ་སྒྲིག་གནང་བའི་རྒྱལ་ས་ལྡི་ལིའི་ནང་འཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གོམ་སྤོས་ཀྱི་ལས་འགུལ་ནང་ཞུགས་ཡོད་པ་རེད་ ཁོང་རྣམས་ད་ཐེངས་ཀྱི་རྒྱ་གར་གཞུང་གིས་གོ་སྒྲིག་གནང་བའི་འཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་དེའི་ནང་ཞུགས་པ་དེ་རྒྱ་གར་གྱི་འཁོར་ཡུག་སྲུང་སྐྱོབ་ཀྱི་བློན་ཆེན་གཞོན་པ་སྐུ་ཞབས་ཇའེ་རམ་ར་མེཤ་(Jairam Ramesh)ཡིས་ངོས་བཞེས་གནང་ཡོད་པ་རེད་ སྐབས་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གོ་སྒྲིག་གནང་བའི་འཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གོམ་སྤོས་ཀྱི་ལས་འགུལ་དེའི་ཐོག་རྒྱ་གར་གྱི་འཕྲོད་བསྟེན་དང་ནང་མི་བདེ་དོན་བུད་མེད་དང་བུ་ཕྲུག་ཡར་རྒྱས་ལས་དོན་ལྷན་ཁང་གི་བློན་ཆེན་ལྕམ་ཀི་རན་ལྦ་ལི་ཡ་ཡིས་ཀྱང་གསུང་བཤད་གནང་ཡོད་པ་རེད་ ཉིན་དེའི་ཉིན་རྒྱབ་ཏུ་བོད་ཀྱི་བོད་མེད་ལྷན་ཚོགས་ཀྱིས་རྒྱལ་ས་ལྡི་ལིའི་ནང་བོད་ནང་ཁོར་ཡུག་ཐོག་གནོད་ཚབས་ཇི་བྱུང་དང་སྲུང་སྐྱོབ་ཀྱི་ལས་དོན་ཆེད་གོ་རྟོག་སྤེལ་བའི་ལས་འགུལ་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་རེད་
ཡང་འཛམ་གླིང་འཁོར་ཡུག་སྲུང་སྐྱོབ་ཀྱི་ཉིན་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་ནང་ཡོད་པའི་ས་གནས་ཁག་ ༣༣ ཡིས་ཤིང་སྣ་གྲངས་ཉིས་ཁྲི་ཙམ་་རྒྱ་གར་གྱི་མངའ་སྡེ་གྲངས་ ༡༠ ནང་འདེབས་འཛུགས་གནང་ཐུབ་པ་བྱུང་ཡོད་པ་རེད་ བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་ཤིང་སྣ་གཅོད་འབྲེག་མཚམས་འཇོག་བྱེད་རྒྱུ་དེ་མཁའ་དབྱིངས་ནང་དུག་རྫས་ཉུང་དུ་གཏོང་རྒྱུའི་ཐོག་ཕན་གྱི་ཡོད་ ལོ་ངོ་བཅུ་ཕྲག་ཅིག་ནང་ཤིང་སྣ་གཅོད་བྲེག་བྱས་ཟིན་པ་དེ་དག་ཁ་གསབ་ཆེད་ཤིང་སྣ་གྲངས་ས་ཡ་ ༡༣༠ འདེབས་འཛུགས་གནང་ཐུབ་པ་གནང་དགོས་ཞེས་གསུང་འདུག དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་འཛམ་གླིང་འཁོར་ཡུག་སྲུང་སྐྱོབ་ཀྱི་ཉིན་དེར་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་སྐར་མ་ ༤ ཡོད་པའི་བརྙན་དཔར་ཞིག་གོ་སྒྲིག་གནང་ཡོད་པ་དང་བརྙན་དཔར་དེ་ཡུའུ་ཀྲུབ་དྲ་རྒྱའི་ནང་གཟིགས་ཐུབ་པ་ཡང་བཟོས་གནང་ཡོད་པ་རེད་