བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཞི་པ།
བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙོན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་༤པ་བཞུགས་སྒར་དུ་གོ་སྒྲིག།
-
2011-07-28 -
-
-
༄༅།།བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙོན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་༤པ་བཞུགས་སྒར་རྡ་རམ་ས་ལར་གོ་སྒྲིག་གནང་རྒྱུའི་གསལ་བསྒྲགས་གནང་བཞག་༎
ད་བར་རྒྱ་གར་དང་བལ་ཡུལ་ཁུལ་བོད་མིའི་གཞིས་ཆགས་དང་། ཁ་འཐོར་བོད་མིའི་འདུས་སྡོད་ཁག་བཅས་ཀྱི་སེར་སྐྱ་མང་ཚོགས་ལ་ བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་ཟབ་སྦྱོང་གི་ལམ་ནས་ སྔ་རྗེས་་ཟབ་སྦྱོང་ཐེངས་གསུམ་གནང་ཡོད་ཅིང་ ཟབ་སྦྱོང་ཐེངས་༤པ་དེ་ ཟླ་བ་༩པའི་ཚེས་༥་ནས་ཉིན་གྲངས་བཅུའི་རིང་ བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་བཞུགས་སྒར་རུ་གནང་རྒྱུ་ཡིན་འདུག་ སྔ་ལོ་ ༢༠༡༠ ཟླ་ ༧ པའི་ནང་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་གཞིས་ཆགས་དང་ ཁ་འཐོར་བོད་མིའི་འདུས་སྡོད་ཁག་ནས་མི་འགྲོ་གྲངས་ ༣༥ དང་ ༢༠༡༡ ཟླ་ ༥ པའི་ནང་ བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་གཞིས་ཆགས་དང་ ཁ་འཐོར་བོད་མིའི་འདུས་སྡོད་ཁག་ནས་མི་འགྲོ་གྲངས་ ༢༥ བཅས་ལ་ བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་གོ་སྒྲིག་ཞུས་པར་ཕན་ཐོགས་གང་ལེགས་བྱུང་ཡོད་པ་དང་། ལས་འཆར་མུ་མཐུད་ཁོངས་སུ་ རྒྱ་གར་བྱང་ཤར་ཁུལ་གྱི་འབུམ་ལ་བསྟན་འཛིན་སྒང་དང་ ཏི་ཛུ་དར་རྒྱས་གླིང་། མེའོ་ཆོས་འཕེལ་གླིང་། ཤི་ལོང་ རྡོར་གླིང་།་ ཀ་སྦུག སྒང་ཏོག ར་སྦང་ཀུན་ཕན་གླིང་། ཨོ་རི་ས་ཕུན་ཚོགས་གླིང་ མན་སྦར་ཕན་བདེ་གླིང་ བྷན་རྡ་ར་ནོར་རྒྱས་གླིང་། ལ་དྭགས་བསོད་ནམས་གླིང་། བལ་ཡུལ་འཇོ་ལ་ཁེལ་བསམ་གྲུབ་གླིང་། སྤོག་ར་བཀྲིས་དཔལ་འཁྱིལ། སྤོག་ར་བཀྲིས་གླིང་དང་། བལ་ཡུལ་སྤོག་ར་གློ་སྒྲིག་བཅས་གཅིག་ལྕོགས་ ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ཁྱབ་ཁོངས་ནས་མི་འགྲོ་གཉིས་རེ་བཅས་ ཁྱོན་མི་གྲངས་ ༣༢ སྐོར་ལ་ ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༥ ནས་ཉིན་གྲངས་ ༡༠ རིང་ བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༤ པ་བཞུགས་སྒར་རྡ་རམ་ས་ལར་གོ་སྒྲིག་གནང་རྒྱུ་ཐུགས་གཏན་འཁེལ་ཡོད་འདུག་ བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་གྱི་ལས་རིམ་ནང་འཛུལ་ཞུགས་བྱ་བློ་ཡོད་རིགས་རྣམས་ནས་ དགོས་ངེས་ཀྱི་ཆ་རྐྱེན་ཚང་འཛོམས་ཐོག་ ༢༠༡༡ ཟླ་ ༨ ཚེས་ ༥ འགྱངས་མེད་ ཁུངས་སོ་སོའི་ས་གནས་འགོ་འཛིན་ལས་ཁུངས་སུ་སྙན་ཞུ་འབུལ་དགོས་པ་བཅས་གསལ་བསྒྲགས་བསྐྱངས་འདུག་༎