དིང་རི་ཕྱོགས་སུ་རྒྱ་གར་ལ་སོགས་ཕྱི་རྒྱལ་ལ་འབྲེལ་བ་བྱེད་མཁན་བོད་མི་ཚོར་རྒྱ་ནག་གིས་ཞིབ་བཤེར།

རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་དིང་རི་རྫོང་ཁུལ་དུ་རྒྱ་གར་ལ་སོགས་ཕྱི་རྒྱལ་ལ་འབྲེལ་བ་བྱེད་མཁན་བོད་མི་ཚོར་ཞིབ་བཤེར་བྱེད་བཞིན་ཡོད་འདུག

དིང་རི་རྫོང་། པར་ཚགས།

རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་དིང་རི་རྫོང་ཁུལ་དུ་རྒྱ་གར་ལ་སོགས་ཕྱི་རྒྱལ་ལ་འབྲེལ་བ་བྱེད་མཁན་བོད་མི་ཚོར་ཞིབ་བཤེར་བྱེད་བཞིན་ཡོད་འདུག
ཉེ་ལམ་སྤྱི་ཟླ་༤་པའི་འགོ་སྟོད་དུ། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཁུལ་དུ། རྒྱ་གར་ལ་སོགས་ཕྱི་རྒྱལ་ལ་འབྲེལ་བ་བྱེད་མཁན་ཡོད་མེད་ཞིབ་བཤེར་བྱས་ནས། རྫོང་དེའི་ཁྱབ་ཁོངས་ཀྱི་ཡུལ་མི་བཞི་སྟོང་ལྷག་གི་མིང་ཐོ་བསྡུས་ཡོད་འདུག་ལ། གོང་ཞུས་རྫོང་དེ་ནས་ཡིན་པའི་རྒྱ་གར་ནང་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ན། ཉིན་འགའ་ཤས་གོང་དིང་རི་རྫོང་གི་རྒྱ་ནག་གི་ལས་བྱེད་ཁག་ཅིག་ང་ཚོའི་གྲོང་ཚོར་ཡོང་ནས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ས་གནས་ཡུལ་མིའི་སྤུན་མཆེད་ཚོའི་མིང་དང་སྐད་འཕྲིན་ཁ་བྱང་སོགས་ཐོ་འགོད་བྱས་ཡོད་པ་དང་། གཞུང་ཕྱོགས་ནས་འབྲེལ་ཡོད་ཕྱི་རྒྱལ་དུ་ཡོད་པའི་གཞུང་ཚབ་ཁང་ཚོར་འབྲེལ་བ་བྱས་ཏེ་མགྱོགས་མྱུར་གཉེན་མི་ཐུགས་འཕྲད་ཡོང་ཐབས་བྱེད་རྒྱུ་ཡིན་པ་བཤད་ཡོད་འདུག་ལ། ས་གནས་ཡུལ་མི་ཚོས་དེ་དངོས་གནས་ཡིན་པར་སྙམ་ནས་དགའ་ཚོར་བྱེད་བཞིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་གོང་ཞུས་བོད་མི་ཁོང་གིས། ངོས་ཀྱིས་རྒྱུན་དུ་སྐད་འཕྲིན་བེད་སྤྱོད་བྱེད་ཀྱི་མེད་པར་བརྟེན། ཕ་ཡུལ་ནས་ཨ་ཕ་ཡིས་རེ་བ་ཆེན་པོས་ཁ་པར་བརྒྱུད་རྒྱ་ནག་གཞུང་གི་མི་སྣ་ཞིག་གི་ཁ་པར་ཨང་གྲངས་བསྐུར་ནས། དེར་འབྲེལ་བ་བྱོས་ཞེས་བརྗོད་བྱུང་བས་མི་དེར་འབྲེལ་བྱས་སྐབས། མི་དེས་ཡང་ནས་ཡང་དུ་སྐད་འཕྲིན་བེད་སྤྱོད་བྱེད་ཀྱི་ཡོད་མེད་སྐོར་སྐད་ཆ་དྲིས་བྱུང་ཅེས་འགྲེལ་བརྗོད་གནང་སོང་ལ། ཁོང་གིས་ཚོད་དཔག་བྱས་ན། རྒྱ་ནག་གཞུང་གིས་སྲིད་བྱུས་དེ་ལྟར་སྤེལ་དགོས་པ་ནི་གཙོ་བོ་ནད་དུག་དེའི་རྐྱེན་གྱིས་ད་ཆ་འཛམ་གླིང་ས་ཕྱོགས་གང་ས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པར་བརྟེན། གནས་ཚུལ་དེ་དག་བོད་ནང་དུ་ཁྱབ་སྤེལ་མི་ཡོང་བའི་ཆེད་དུ་ཡིན་སྲིད་པ་བརྗོད་ཀྱི་འདུག
ཡང་རྒྱུན་དུ་རྒྱ་ནག་གཞུང་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་མ་སླེབས་སྔོན་ལ། བོད་ནང་གི་བོད་མི་ཚོར་དམ་དྲག་བྱེད་སྲོལ་ཡོད་པ་མ་ཟད། བོད་མི་ཚོའི་ཁ་པར་ལ་ཞིབ་བཤེར་བྱས་པའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད་ལ། ཨ་རིར་གནས་སྡོད་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་ཀྱང་ཉེ་ལམ་ངོ་དེབ་སྟེང་གླེང་མོལ་ཞིག་གི་ནང་དུ། ཉེ་ཆར་བོད་ནང་རྒྱ་གར་དུ་འབྲེལ་བ་ཡོད་པའི་སྤུན་མཆེད་དེ་དག་ལ་དམིགས་བསལ་གྱི་ཞིབ་བཤེར་བྱས་ཏེ་མིང་ཐོ་བསྡུས་ཡོད་པ་བརྗོད་འདུག
ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོའི་མིང་ཐོ་དང་སྐད་འཕྲིན་ཁ་བྱང་བསྡུས་ཏེ་ནང་མི་ཕན་ཚུན་ཐུགས་འཕྲད་ཀྱི་རེ་བ་ཡོད་ཚུལ་བརྗོད་ཡོད་པ་དེ་ནི་ལྐོག་གྱུར་རང་བཞིན་གྱི་གནས་ཚུལ་ཞིག་ཡིན་པ་མ་ཟད། བོད་ཕྱི་ནང་གཉིས་ཐུགས་འཕྲད་ཡོང་བར་སྐད་འཕྲིན་ཁ་བྱང་དགོས་དོན་མེད་ཅེས་དང་། ད་ལན་རྒྱ་ནག་གཞུང་གིས་གཙོ་བོ་བོད་ནས་ཕྱི་རྒྱལ་ཁག་ལ་འབྲེལ་བ་བྱེད་མཁན་ཇི་ཙམ་ཡོད་མིན་ཤེས་རྟོགས་ཆེད་དུ་ཡིན་སྲིད་པ་འགྲེལ་བརྗོད་གནང་བྱུང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org