བོད་ནང་རྒྱ་ནག་གིས་སྐད་འཕྲིན་ཚོགས་གཙོའི་གསབ་སྦྱོང་བསྡུས་འདུག

མཚོ་སྔོན་རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཡིས་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་གཙོའི་གསབ་སྦྱོང་འཛིན་གྲྭ་ཐོག་མ་བསྡུས་འདུག

སྐད་འཕྲིན་དམ་དྲག་དང་འབྲེལ་བའི་རི་མོ། RFA

མཚོ་སྔོན་རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཡིས་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་གཙོའི་གསབ་སྦྱོང་འཛིན་གྲྭ་ཐོག་མ་བསྡུས་འདུག
དེ་ཡང་མཚོ་སྔོན་ཁྲིམས་ལུགས་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༧་ལོའི་ཟླ་༩་བའི་ཚེས་༢༧་ཉིན། གོམ་གང་མདུན་སྤོས་ཀྱིས་རྩེ་ཁོག་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པའི་ཚོགས་གཙོའི་དོ་དམ་དང་ལྟ་སྐུལ་འགན་འཁྲིའི་འདུ་ཤེས་མཐོར་འདེགས་དང་། ཚོགས་པའི་གཏམ་གླེང་བྱ་སྤྱོད་ཚད་ལྡན། ཚོགས་པའི་གཏམ་གླེང་ནང་དོན་ཁྲིམས་མཐུན་ལ་འགེབས་སྲུང་། ཁྲིམས་འགལ་ནག་ཉེས་བྱ་སྤྱོད་དང་གནོད་སྐྱོན་ཡོད་པའི་ཆ་འཕྲིན་སྣ་ཚོགས་བཀག་འགོག ཧུར་ཐག་གིས་བདེ་འཇགས་དྲ་རྒྱའི་འབྲེལ་འདྲིས་ཁོར་ཡུག་ཅིག་བསྐྲུན་པ་ཞེས་བ་སོགས་ཀྱི་བརྗོད་དོན་གཙོ་བོར་བཟུང་ནས་གསབ་སྦྱོང་འཛིན་གྲྭ་བསྡུས་འདུག
ས་གནས་བོད་མི་ཞིག་གིས་བརྗོད་དོན། ཟབ་སྦྱོང་མ་ཚོགས་པའི་སྔོན་སྤྱི་ཚོགས་ནང་མངོན་གསལ་ཡིན་པའི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་མང་པོ་སྐོང་འགུག་བྱས་ནས་ཟབ་སྦྱོང་ལ་ཡོང་དགོས་ཚུལ་བཤད་ཡོད་པར་བརྟེན་མང་པོ་ཞིག་གིས་ཞེད་སྣང་གིས་རང་འགུལ་ངང་སྐད་འཕྲིན་ཚོགས་པ་ཡོངས་སུ་གཏོར་ཡོད་པ་ངོ་སྤྲོད་གནང་བྱུང་།
གསབ་སྦྱོང་སྐབས་རྫོང་སྤྱི་བདེ་ཅུའི་ཅུའུ་ཀྲང་གཞོན་པ་འཇམ་དཔལ་དང་། རྫོང་དཔོན་གཞོན་པ་ཀླུ་བྱམས་ཚེ་རིང་སོགས་ཀྱིས་སྐད་འཕྲིན་ཚོགས་གཙོ་མང་པོ་ཞིག་འཛིན་བཟུང་བཀག་སྐྱིལ་བྱས་པའི་གྱོད་དཔེ་གཞིར་བཟུང་སྟེ། དབྱེ་ཞིབ་རྒྱས་འགྲེལ་བྱས་ནས་ཚོགས་གཙོ་དག་ལ“སྐད་འཕྲིན་ཚོགས་པར་གཏམ་གླེང་སྤེལ་སྐབས་མི་ཆོག་པའི་རྩ་དོན་དགུ”དང་སྐད་འཕྲིན་ཚོགས་གཙོའི་ལྟ་སྐུལ་དོ་དམ་འགན་ནུས་ནན་བཤད་བྱས་ཏེ། བཅའ་ཁྲིམས་འགན་འཁྲི་དང་། སྐད་འཕྲིན་ཚོགས་གཙོས་བཅའ་ཁྲིམས་ཉེན་ཁ་འགོག་སྲུང་བཅས་ཀྱི་ཆེད་ཚོགས་གཙོ་རྣམས་པས་སྔར་ལས་ལྷག་པར་མཉམ་འཇོག་བྱ་དགོས་པར་སློབ་གསོ་བཏང་བ་དང་མཉམ་ སྐད་འཕྲིན་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་རིམ་པ་བཞིན་འགན་འཁྲིའི་ཡི་གེར་མིང་ཡིག་བཀོད་བཅུག་འདུག
གསབ་སྦྱོང་དེར་རྩེ་ཁོག་རྫོང་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་ཧྲིས་ཏུང་ཡོན། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའམ་རྫོང་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་སྤྱི་བདེ་ཅུའི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་ཀླུ་བྱམས་ཚེ་རིང་། རྫོང་སྤྱི་བདེ་ཅུའི་ཅུའུ་ཀྲང་གཞོན་པ་འཇམ་དཔལ། ཅུའུ་ཀྲང་གཞོན་པ་ཁྲང་ཧྭ། གཞི་རིམ་མངག་གཏོང་ཁང་གི་སའོ་ཀྲང་སོ་སོ་དང་། བདེ་སྲུང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་རྣམས་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་༢༤༨་གསབ་སྦྱོང་འཛིན་གྲྭར་ཞུགས་ཡོད་པ་དང་། རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་རྩ་འཛུགས་བྱས་ཏེ་གཅིག་གྱུར་སྒོས་གསབ་སྦྱོང་བྱས་པ་འདི་ནི་རྨ་ལྷོ་ཁུལ་ཡོངས་སུ་སྤེལ་བ་ཐོག་མ་ཡིན་འདུག
ད་དུང་སྐབས་དེར་རྩེ་ཁོག་རྫོང་སྤྱི་བདེ་ཅུས་མི་དམངས་ཉེན་རྟོག་པའི་ན་གཞོན་དགེ་རྒན་རྩ་འཛུགས་བྱས་ཏེ་སྐད་འཕྲིན་ཚོགས་གཙོར་ཁྲིམས་ལུགས་གསབ་སྦྱོང་སྤེལ། ན་གཞོན་དགེ་རྒན་རྣམས་ཀྱིས་ཚོགས་གཙོ་རྣམས་ལ《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཁྲིམས་ལྟར་རྒྱལ་སྐྱོང་གི་རྣམ་བཤད་གལ་ཆེན》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》《མཉམ་སྦྲེལ་དྲ་བའི་ཚོགས་སྤྱི་ཆ་འཕྲིན་ཞབས་ཞུ་དོ་དམ་གཏན་ཁེལ》《བོད་འབྲེལ་ཁྲིམས་འགལ་བྱ་སྤྱོད་རིགས་ཉི་ཤུ》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ་སློབ་ཁྲིད་བྱས་འདུག

གསར་འགོད་པ་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org