རྒྱ་ནག་གི་སྲིད་བློན་དབྱིན་ཡུལ་དུ་འཚམས་གཟིགས།

རྒྱ་ནག་དང་དབྱིན་ཡུལ་བར་ཚོང་འབྲེལ་ཡར་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འགལ་ཟླའི་གནས་ཚུལ་དེ་ཆུང་དུ་གཏོང་ཐབས།

༄༅༎རྒྱ་ནག་གི་སྲིད་བློན་ལྦན་ཇའི་པའོ་དབྱིན་ཡུལ་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ནས་ཡུལ་གཉིས་བར་ཚོང་འབྲེལ་གྱི་འབྲེལ་ལམ་དམ་ཟབ་ཏུ་གཏོང་རྒྱུ་དང་རྒྱ་གཞུང་གིས་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་ཧུ་ཇའི་རེས་གཟའ་ཉི་མ་ཉིན་གློད་བཀྲོལ་བཏང་བ་དེས་ཡུལ་གཉིས་བར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འགལ་ཟླའི་གནས་ཚུལ་དེ་ཆུང་དུ་གཏོང་རྒྱུའི་ཆེད་དམིགས་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད་ རྒྱ་ནག་གི་སྲིད་བློན་ལྦན་གྱི་དབྱིན་ཡུལ་གྱི་གཟིགས་བསྐོར་གྱི་ཉིན་དང་པོ་དེར་ཁོང་གིས་རྒྱ་ནག་དང་དབྱིན་ཡུལ་བར་མཉམ་འབྲེལ་ཐོག་བཟོས་པའི་སྣུམ་འཁོར་MG6རྟགས་ཅན་གྱི་སྣུམ་འཁོར་དང་པོ་དེ་དབུ་འབྱེད་གནང་ཡོད་པ་དང་སྣུམ་འཁོར་དེས་ཡུལ་གཉིས་བར་གྱི་མཛའ་འབྲེལ་གྱི་མཚོན་རྟགས་མངོན་གསལ་ཞིག་ཆགས་ཀྱི་ཡོད་སྐོར་གཏམ་བཤད་གནང་ཡོད་པ་རེད་ གོང་ཞུས་MG6རྟག་ཅན་གྱི་སྣུམ་འཁོར་གྱི་བཟོ་གྲ་དེ་རྒྱ་ནག་གི་སྣུམ་འཁོར་བཟོ་གྲ་ཆེ་ཤོས་Shanghai Automotive Industry Corp.ཞེས་པས་གཉེར་གྱི་ཡོད་པ་དང་བཟོ་གྲ་དེ་དབྱིན་ཇིའི་སྦར་མིང་ཧེམ་ཞེས་པའི་ས་ཁུལ་དུ་གསར་འཛུགས་གནང་ཡོད་པ་རེད་ སྲིད་བློན་ལྦན་ཡིས་གོང་ཞུས་ཀྱི་སྣུམ་འཁོར་དེ་དབྱིན་ཡུལ་ནང་བཟོ་བཀོད་ཀྱི་མ་དཔེ་དེ་གསར་འཛུགས་དང་རྒྱ་ནག་ནང་བཟོ་བསྐྲུན་དབྱིན་ཡུལ་ནང་ལྷུ་སྒྲིག་གནང་བ་དེས་རྒྱ་ནག་གི་མ་རྩ་དང་ཁྲོམ་ར་དང་དབྱིན་ཇིའི་བཟོ་བསྐྲུན་ཚན་རིག་དང་བཟོ་བསྐྲུན་ཐོག་འཛིན་སྐྱོང་གི་གནད་དོན་ཁག་བེད་སྤྱོད་ཆ་ཚང་བ་བཏང་ཐུབ་པ་བྱུང་ཡོད་སྐོར་གསུང་འདུག གོང་ཞུས་སྲིད་བློན་ལྦན་བསྐྱོད་སའི་སྣུམ་འཁོར་གྱི་བཟོ་གྲ་དེའི་ཕྱིར་བོད་དོན་རྒྱབ་བསྐྱོར་གནང་མཁན་དང་ཕ་ལུང་ཀུང་རྩ་རླུང་སྒོམ་གྲུབ་གནང་མཁན་མི་གྲངས་བཅུ་ཕྲག་འགའ་ཤས་ཀྱིས་ཁོང་ལ་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད་

ངོ་རྒོལ་གནང་མཁན་རྣམ་པའི་ལག་ལ་ཐོག་པའི་ཡིག་སྦྱང་ནང་དབྱིན་ཇིའི་སྲིད་བློན་ཁེ་མེ་རོན་དང་རྒྱ་ནག་གི་སྲིད་བློན་ལྦན་ཡིས་ཚོང་འབྲེལ་ལས་འགྲོ་བ་མིའི་ཐོབ་ཐང་གལ་ཆེ་བར་ངོས་འཛིན་བྱེད་ཅེས་བརྗོད་ཚིག་བཀོད་ཡོད་པ་རེད་ རྒྱ་ནག་གི་སྲིད་བློན་ལྦན་རེས་གཟའ་ཟླ་བ་ཉིན་ཇར་མ་ནིའི་ཡུལ་དུ་བསྐྱོད་རྒྱུའི་འཆར་གཞི་ཡོད་པ་དང་ཡུལ་དེར་ཡང་གནད་དོན་གཙོ་བོ་ཚོང་འབྲེལ་ཆགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org