རྒྱ་གར་གྱི་མཐའ་སྲུང་ཉེན་རྟོག་པས་བོད་མི་གཉེན་འཕྲད་དུ་བསྐྱོད་མཁན་ཞིག་འཛིན་བཟུང་།

རྒྱ་གར་ནས་གྲྭ་དབང་འདུས་ཟེར་བ་ཞིག་བོད་ནང་གཉེན་འཕྲད་དུ་བསྐྱོད་ཐབས་བྱས་སྐབས་རྒྱ་གར་ཤྲི་རི་གྷུ་རི་མཐའ་སྲུང་དམག་གིས་འཛིན་བཟུང་བཀག་ཉར་བྱས་འདུག

རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་(panitanki)་ཕྱོགས་ཀྱི་ས་ཁྲ། སྒྲིག་བཟོ། RFA

རྒྱ་གར་ནས་གྲྭ་དབང་འདུས་ཟེར་བ་ཞིག་བོད་ནང་གཉེན་འཕྲད་དུ་བསྐྱོད་ཐབས་བྱས་སྐབས་རྒྱ་གར་གྱི་གྲོང་ཁྱེར་སི་ལི་གྷུ་རི་མཐའ་སྲུང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་འདུག
འདི་ཟླའི་ཚེས་༢༡ ་ཉིན་རྒྱ་གར་བྱང་ཤར་ནུབ་སྦེང་གྷལ་མངའ་སྡེའི་གྲོང་ཁྱེར་སི་ལི་གྷུ་རིའི་མཐའ་མཚམས་སྲུང་དམག་གིས་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་པཱ་ནི་ཊེང་ཀཱི་(Panitanki)་ཞེས་པའི་ས་གནས་སུ་བོད་མི་དབང་འདུས་ཟེར་བ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། དེ་ནི་ཁོང་ལ་ལྡི་ལིའི་རྒྱ་ནག་གི་གཞུང་ཚབ་ཁང་ནས་སྤྲད་པའི་བོད་དུ་འགྲོ་སྐྱོད་ལམ་ཡིག་(ཕྱིར་སྡོད་རྒྱ་རིགས་མི་སེར་ཚོར་སྤྲད་པའི་མཚོན་མདོག་སྔོན་པོ་ཅན་གྱི་འགྲོ་བསྐྱོད་ལམ་ཡིག་(Travel Document)དང་། རྒྱ་གར་གྱི་ཨ་དྷར་ངོ་སྤྲོད་ལག་འཁྱེར། ད་དུང་ཨ་སྒོར་དང་། རྒྱ་ནག ཧོང་ཀོང་། རྒྱ་གར་བཅས་ཀྱི་ཤོག་སྒོར་མི་ཉུང་བ་ཞིག་འཁྱེར་ཡོད་པ་བཅས་ལ་བརྟེན་ས་མཚམས་ཀྱི་རྒྱ་གར་དམག་མིས་ཞིབ་བཤེར་སྐབས་ལག་སོན་བྱུང་ནས་འཛིན་བཟུང་གིས་རྡོ་རྗེ་གླིང་གི་བཙོན་ཁང་ཞིག་གི་ནང་བཀག་ཉར་བྱས་ཡོད་འདུག རྡོ་རྗེ་གླིང་ནི་རྒྱ་གར་ནུབ་སྦེང་གྷལ་མངའ་སྡེའི་ས་གནས་ཤིག་ཡིན་པ་རེད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་རྡོ་རྗེ་གླིང་གླིང་བཀག་ཉར་ཁང་གི་ཉེན་རྟོག་སྤྱི་ཁྱབ་པ་ཨ་མར་ནཐ་ཀེ་(Amarnath K) ལ་ཁ་པར་བརྒྱུད་བཅར་འདྲི་བྱས་སྐབས། ཁོང་གིས་བོད་མི་དེར་རྒྱ་ནག་གི་འགྲུལ་སྐྱོད་ལག་དེབ་དང་རྒྱ་གར་གྱི་ཨ་དྷར་ངོ་སྤྲོད་ལག་འཁྱེར་གཉིས་ཡོད་པས་རྒྱལ་ཁབ་གཅིག་གི་ནང་ལུང་པ་གཉིས་ཀྱི་ལག་འཁྱེར་ཉར་ཆོག་གི་མེད་པར་བརྟེན་བཀག་ཉར་བྱས་པ་རེད་ཅེས་ལན་འདེབས་གནང་བྱུང་།
དེའི་ཐད་ཡང་གྲྭ་དབང་འདུས་དང་དེ་སྔ་དགོན་པ་གཅིག་ཡིན་པ་མིང་བརྗོད་འདོད་མེད་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ།   དབང་འདུས་ལགས་ཀྱི་མ་རྒན་འབྲས་སྐྲན་གྱིས་ནད་མནར་འོག་ཉལ་སར་ལྷག་ཡོད་པ་དེ་ཐུག་འཕྲད་ཆེད་ཟླ་ཤས་སྔོན་ལྡི་ལིའི་རྒྱ་ནག་གི་གཞུང་ཚབ་ཁང་ནས་བོད་དུ་གཉེན་འཕྲད་ཀྱི་ལམ་ཡིག་ཞུས་ནས་ཐོབ་པ་ལྟར། བལ་ཡུལ་ས་མཚམས་བརྒྱུད་འགྲོ་སྐབས་ཁྲིམས་ཀྱི་གནས་སྟངས་ཡག་པོ་མ་ཤེས་པའི་དབང་གིས་གཞུང་ཚབ་ཁང་གི་ལམ་ཡིག་དང་། རྒྱ་གར་ཨ་དྷར་ངོ་སྤྲོད་ལག་འཁྱེར་བཅས་མཉམ་འཁྱེར་བྱས་ཤིང་། རྒྱལ་ཁབ་འདྲ་མིན་གྱིས་དངུལ་སྒོར་ཁྱེར་ཡོད་པར་བརྟེན་ས་མཚམས་ཀྱི་དམག་མིས་འཛིན་བཟུང་བཀག་ཉར་བྱས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།  ད་དུང་མིང་འབོད་མ་གནང་པའི་མི་སྣ་དེས། རྒྱ་གར་དང་བོད་ཀྱི་གསར་ལམ་ཁག་ཏུ་ཐོན་པའི་དབང་འདུས་ལགས་ཀྱི་རྒྱ་ནག་རྒྱལ་ཁབ་ཀྱི་ལམ་ཡིག་པ་སེ་(མཚོན་མདོག་དམར་པོ་ཅན་) ཁྱེར་ཡོད་ལུགས་བརྗོད་པ་བདེན་པ་མིན་པ་དང་ཁོང་གིས་ཁྱེར་བ་དེ་ནི་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་ནས་ཞུས་བའི་ལམ་ཡིག་དེ་ཡིན་པ་གསུངས་ཡོད་པ་རེད།
སྤྱིར་སྟངས་རྒྱ་གར་ནས་བོད་དུ་གཉེན་འཕྲད་འགྲོ་སྐབས་བལ་ཡུལ་ས་མཚམས་བརྒྱུད་འགྲོ་དགོས་ཀྱི་ཡོད་པས། ད་བར་དཀའ་ངལ་དེ་འདྲ་དགོན་སྡེ་ཁག་གི་གྲྭ་པ་གཙོས་མི་གཞན་མང་པོར་འཕྲད་ཡོད་འདུག  ད་ལྟའི་ཆར་དབང་འདུས་ལགས་ཀྱི་གནད་དོན་ཁྲིམས་ཁང་ནང་ཞུ་གཏུགས་བྱེད་མུས་ཡིན་པ་དང་། ལྷག་པར་དུ་ཕྱི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཁྲིམས་ཁང་ལ་འགྲོ་དགོས་ཀྱི་ཡོད་པས་སྐབས་དེ་དུས་ཐག་ཆོད་གསལ་པོ་ཞིག་ཡོང་རྒྱུར་ཚོད་དཔག་བྱེད་བཞིན་ཡོད་འདུག  རྒྱ་གར་གྱི་སི་ལི་རི་གྷུ་རི་ས་ཆ་དེ་བལ་ཡུལ་དང་། འབྲུག བྷང་ལ་དེཤ་བཅས་ཀྱི་ས་མཚམས་ཡིན་པའི་ཁར། ཆབ་སྲིད་ཀྱི་གལ་གནད་ཆེ་བའི་ས་ཆ་ཞིག་འཁེལ་གྱི་ཡོད་སྟབས། ས་གནས་གཞན་ལས་ལྷག་པའི་དམ་དྲག་བལྟ་སྲུང་ནན་པ་ཡོད་པ་དེའི་ཁྲོད་ཚུད་ལུགས་མིང་འབོད་གནང་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པ་དེས་གསུངས་ཡོད་པ་རེད།
ད་ལྟ་རྒྱ་གར་གྱི་ཉེན་རྟོག་པའི་བཀག་ཉར་འོག་ཡོད་པ་གྲྭ་དབང་འདུས་ལགས་ནི་མདོ་སྟོད་དཀར་མཛེས་ཕྱོགས་ནས་རྒྱ་གར་དུ་འབྱོར་རྗེས་རྡོ་རྗེ་གླིང་འབོ་དཀར་དགོན་དུ་སྒྲིག་ཞུགས་མྱོང་ཡོད་པ་ཞིག་རེད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org