འབྲུག་ཡུལ་དུ་རྒྱལ་སྤྱིའི་གསང་སྔགས་རྡོ་རྗེ་ཐེག་པའི་བགྲོ་གླེང་ལྷན་ཚོགས་ཐེངས་བཞི་པ་ཚོགས་འདུག
རྒྱལ་སྤྱིའི་གསང་སྔགས་རྡོ་རྗེ་ཐེག་པའི་བགྲོ་གླེང་ལྷན་ཚོགས་ཐེངས་བཞི་པ་དེ་འབྲུག་ཡུལ་དུ་བསྐོང་ཚོགས་གནང་བའི་ཐོག་བོད་མི་ཉམས་ཞིབ་པ་དང་མཁས་དབང་བཅུ་མཉམ་ཞུགས་གནང་འདུག
- 2022-10-06
-
-
-
Your browser doesn’t support HTML5 audio
དེ་ཡང་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ས་ཐིམ་ཕུ་(Thimphu)་རུ་ཡོད་པའི་བཞི་ཆེན་མཁར་སྣང་གྲགས་དྲན་རིག་དཔེ་མཛོད་དུ་ཉེ་ལམ་སྤྱི་ཟླ་༡༠པའི་ཚེས་༤བར་ཉིན་གྲངས་བཞིའི་རིང་། རྒྱལ་སྤྱིའི་གསང་སྔགས་རྡོ་རྗེ་ཐེག་པའི་བགྲོ་གླེང་ལྷན་ཚོགས་ཐེངས་བཞི་པ་དེ་བསྐོང་ཚོགས་གནང་ཡོད་པ་དང་། བགྲོ་གླེང་ཉིན་གཉིས་པར་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ཕེབས་འདུག་ལ་ད་ཐེངས་ཀྱི་བགྲོ་གླེང་ལྷན་ཚོགས་དེའི་ཐོག་རྒྱལ་ཁབ་མི་འདྲ་བ་༤༠ཙམ་ནས་མི་སྣ་མཉམ་བཞུགས་གནང་བའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་སོགས་ནས་བོད་མི་ཉམས་ཞིབ་པ་དང་མཁས་དབང་བཅས་མི་གྲངས་༡༠མཉམ་ཞུགས་གནང་ཡོད་འདུག
མཉམ་ཞུགས་གནང་མཁན་གྲས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་དང་ཞིབ་འཇུག་རིག་པའི་སློབ་དཔོན་གཉན་ཐར་ལགས་ཀྱིས། བགྲོ་གླེང་ལྷན་ཚོགས་འདི་ལྟ་བུ་ནི་ལོ་རྒྱུས་ཐོག་ནས་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་གྱིས་ད་རེས་མཉམ་བཞུགས་བྱས་པ་ཡིན། གསང་སྔགས་རྡོ་རྗེ་ཐེག་པ་ཉམས་ལེན་དང་སློབ་གཉེར་བྱེད་སའི་ཁྱབ་ཁོངས་དེ་བོད་ཚུད་པའི་སོག་ཡུལ་དང་། འབྲུག དེ་བཞིན་ལ་དྭགས་སོགས་ཧི་མ་ལ་ཡིའི་རི་རྒྱུད་དང་དམིགས་བསལ་འབྲེལ་བ་ཡོད་པ་མ་ཟད། འབྲུག་རྒྱལ་ཁབ་ངོས་ནས་དེ་ཧ་ཅང་གི་གལ་ཆེ་པོ་དང་བརྩི་མཐོང་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ཉེ་ལམ་༢༠༢༢ལོའི་འགོ་སྟོད་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག གདན་ས་ཁག་གིས་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་དང་པོའི་བགྲོ་གླེང་ལྷན་ཚོགས་བསྐོང་ཚོགས་གནང་ཞིང་། སྐབས་དེར་དབུ་འབྱེད་མཛད་སྒོའི་ཐོག་༧བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དྲ་ལམ་ཐད་གཏོང་བརྒྱུད་དབུ་བཞུགས་ཀྱིས། གཞུང་ཆེན་བཀའ་པོད་ལྔ་གཙོ་བོ་གྱུར་བའི་རིགས་ཚོགས་དེ་དག་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་མ་ཟད། གདན་ས་ཁག་གིས་ཐུགས་ཁུར་བཞེས་བའི་ཐོག་གཞུང་ཆེན་དེ་དག་ལ་སློབ་གཉེར་གནང་རྒྱུའི་ལམ་སྲོལ་དེ་ཉམས་པ་མེད་པའི་ཐོག་ནས་རྒྱུན་འཛིན་གནང་བཞིན་པར་ཡིད་རང་བསྔགས་བརྗོད་གནང་འདུག
ད་ཐེངས་བགྲོ་གླེང་ཚོགས་ཆེན་ཐོག་འཛམ་གླིང་གང་སའི་གསང་སྔགས་ཉམས་ལེན་པ་དང་། མཁས་དབང་། ཉམས་ཞིབ་པ་སོགས་མཉམ་ཞུགས་གནང་ནས། གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན། གསང་སྔགས་དང་སྨན། གསང་སྔགས་རྡོ་རྗེ་ཐེག་པ་དང་དེང་རབས་ཅན། གསང་སྔགས་རྡོ་རྗེ་ཐེག་པ་དང་གཞི་གྲངས་ཀྱི་དུས་རབས་སོགས་བརྗོད་གཞི་མི་འདྲ་བ་༢༠ལྷག་གི་ཐད་བགྲོ་གླེང་གནང་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།