ཨ་རིའི་གཞུང་གིས་རྒྱ་ནག་གི་ཐོག་ལ་འཛིན་པའི་སྲིད་ཇུས་གཏན་འབེབས་གསལ་བསྒྲགས།
ཨ་རིའི་སྲིད་འཛིན་སྐུ་གཞོན་པས་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་གླེང་ཞོར་རྒྱ་ནག་གཞུང་གི་སྲིད་ཇུས་བྱ་སྤྱོད་ཁག་ལ་སྐྱོན་བརྗོད་དྲག་པོ་གནང་འདུག
-
2018-10-04 -
-
-
Your browser doesn’t support HTML5 audio
ཨ་རིའི་སྲིད་འཛིན་སྐུ་གཞོན་པས་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་གླེང་ཞོར་རྒྱ་ནག་གཞུང་གི་སྲིད་ཇུས་བྱ་སྤྱོད་ཁག་ལ་སྐྱོན་བརྗོད་དྲག་པོ་གནང་འདུག
ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་མཡེཀ་པིནསྀ་(Mike Pence)མཆོག་གིས་རྒྱ་ནག་ཐོག་དཔལ་འབྱོར་དང་འཐབ་ཇུས་ཀྱི་སྲིད་བྱུས་གསར་པ་བཟུང་ཕྱོགས་སྐོར་གསུང་བཤད་གནང་སྐབས། བོད་ནང་དུ་ད་བར་རང་ལུས་མེར་བསྲེགས་གཏོང་མཁན་ ༡༥༠ ལྷག་བྱུང་བ་དམིགས་བསལ་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་ཡེ་ཤུ་དང་། ཁ་ཆེ། དེ་བཞིན་ནང་པའི་ཐོག་ལ་དམ་དྲག་བྱེད་ཀྱི་ཡོད་པ་ཐེར་འདོན་གནང་སྟེ་རྒྱ་ནག་གཞུང་གི་ད་ལྟའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་ཡོད་པ་རེད།
དེ་ཡང་ཨ་རིའི་སྲིད་འཛིན་སྐུ་གཞོན་པ་མཡེཀ་པེནསྀ་(Mike Pence)མཆོག་གིས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ། ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ཧཌ་སན་ལྟེ་གནས་ཁང་ནང་རྒྱ་ནག་གི་ཐོག་ད་ལྟའི་ཨ་རིའི་སྲིད་འཛིན་ཏྲམཔ་སྲིད་གཞུང་གིས་སྲིད་བྱུས་སྐོར་གལ་ཆེའི་གསུང་བཤད་ཞིག་གནང་སྐབས། རྒྱལ་སྤྱིའི་མཁས་པ་དང་ཉམས་ཞིབ་པ། གསར་འགོད་པ་བཅས་ཤུགས་རྐྱེན་ལྡན་པའི་མི་སྣ་མང་པོ་འདུ་འཛོམས་སར། རྒྱ་ནག་ནང་ཉེ་ལམ་གཞུང་གི་བཀོད་ཁྱབ་འོག་ཡེ་ཤུའི་ལྷ་ཁང་ལ་དམ་དྲག་གིས་མཚོན་དོན་རྒྱ་གྲམ་རྩ་བཀོག་བཏང་པ་དང་། ཆོས་དཔོན་བསྐོ་འཇོག་ལ་རྒྱ་གཞུང་གིས་ཐེ་བྱུས་སྟངས་འཛིན། དེ་བཞིན་ཤིན་ཅང་ཤར་ཏུར་ཀིསྀ་ཐན་ནང་ཁ་ཆེའི་ཆོས་པས་དབུས་མི་སྣ་འབུམ་ཕྲག་མང་པོ་འབུར་འཇོམས་བྱས་པས་མ་ཚད། བོད་ནང་ནང་པ་ཚོའི་ཆོས་དང་རིག་གཞུང་གི་ཐོབ་ཐང་ཐོག་དྲག་གནོན་བྱེད་པ་སོགས་ཀྱིས་རྐྱེན་པས་འདས་པའི་ལོ་བཅུའི་ནང་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་བྱུང་ཡོད་པ་སོགས་གནང་དོན་མང་པོ་ཐེར་འདོན་གནང་ནས་རྒྱ་ནག་གཞུང་གི་ད་ལྟའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེན་གནང་ཡོད།
རྒྱ་ནག་དང་ཨ་རིའི་དབར་ལ་ཚོང་དོན་དང་དབང་ཆའི་རྩོད་གླེང་ཤུགས་ཆེ་འགྲོ་བཞིན་པའི་དུས་སྐབས་འདིར། ཨ་མི་རི་ཀའི་སྲིད་འཛིན་སྐུ་གཞོན་མཆོག་གིས་རྒྱ་ནག་སྤྱི་ཡོངས་ལ་རང་དབང་དགོས་ཤིང་། སྔ་མོ་རྒྱ་ནག་གི་འགོ་ཁྲིད་ཏེང་ཞའོ་ཕིང་གིས་གསུངས་བའི་ཁས་ལེན་དེ་དག་ལས་ཡོངས་སུ་འགལ་ནས་རྒྱ་ནག་གི་སྤྱི་ཚོགས་གུ་ཡངས་སུ་འགྲོ་བའི་ཚབ་ཏུ། ཚོང་དོན་གྱི་འདྲ་མཉམ་མི་བྱེད་པའི་སྲིད་བྱུས་དང་། འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ཡང་སྒོས་སུ་ཆོས་དད་རང་དབང་བཅས་ཀྱི་ཐོག་དམ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པ་གསུངས་ཡོད་པ་རེད།
ཨ་རིའི་སྲིད་འཛིན་སྐུ་གཞོན་པེནསྀ་མཆོག་གིས་ད་དུང་། ཨ་རིའི་ཏྲམཔ་སྲིད་གཞུང་གི་ངོས་ནས་ད་ལྟའི་ཆར་རྒྱ་ནག་མཉམ་དུ་ཚོང་དོན་ཕན་ཚུན་འདྲ་མཉམ་ཡོང་ཆེད་དུ་སྒོ་ཁྲལ་སྤར་བ་དང་། དེ་མིན་རྒྱ་ནག་གཞུང་གི་ཁ་གཏད་དུ་སྲིད་བྱུས་བཟུང་་བཞིན་པ་དེ་དག་མཁྲེགས་སུ་གཏོང་རྒྱུ་ལས་ལྟག་ལོག་རྒྱག་གི་མ་རེད་ཅེས་ཚིག་ཐག་ཆོད་པོའི་ཐོག་ནས་ཉེན་བརྡ་ཡང་བཏང་གནང་ཡོད་པ་རེད།
ཁོང་གིས། ཨ་མི་རི་ཀའི་བཟོ་ཚོང་ཁང་ཁག་གི་ངོས་ནས་ད་ཆ་ཐེ་ཝན་མཉམ་དུ་ཚོང་དོན་འབྲེལ་བ་གོང་འཕེལ་བཏང་བ་དེར་རྒྱ་ནག་གིས་མི་འདོད་པའི་རྣམ་འགྱུར་བསྟན་པ་མ་ཟད། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལས་འགལ་བའི་ལངས་ཕྱོགས་ཐོན་རིགས་ལ་འགོག་རྐྱེན་བཟོ་ཐབས་བྱེད་ཀྱི་ཡོད་ཅིང་། ད་དུང་ཌེལ་ཊ་མཁའ་ལམ་འགྲུལ་བསྐྱོད་ཚན་པས་ཐེ་ཝན་དེ་རྒྱ་ནག་གི་མངའ་ཁོངས་སུ་མ་བཏོན་པ་དེར་རྒྱ་ནག་གཞུང་གི་དྲ་རྒྱའི་ཐོག་ལ་སྐྱོན་བརྗོད་ཀྱིས་དགོངས་སེལ་ཞུ་དགོས་སྐོར་བརྗོད་ཅིང་། མེ་རིཡོཊ་མགྲོན་ཁང་ཆེན་མོའི་ལས་བྱེད་ཀྱིས་བོད་སྐོར་དང་འབྲེལ་བའི་ཊུཝིཊར་གྱི་བརྗོད་ཚིག་ལ་དགའ་མོས་བྱས་པ་ཙམ་ལ་སྐྱོན་བརྗོད་ཀྱིས་གནོན་ཤུགས་སྤྲད་པ་སོགས་འགྲེལ་བརྗོད་ཀྱི་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ནང་སྨྲ་བརྗོད་རང་དབང་ལ་དོ་དམ་བྱེད་རྩིས་བྱེད་པའི་བྱ་སྤྱོད་ཁག་འཐེར་འདོན་གྱིས་སྐྱོན་བརྗོད་གནང་ཡོད་པ་རེད།
རྩ་བའི་ཨ་མི་རི་ཀའི་ངོས་ནས་འདས་པའི་ལོ་མང་རིང་རྒྱ་ནག་ནང་གི་འཛུགས་སྐྲུན་ཐད་ཞོགས་འདེགས་བྱས་ཡོད་ཀྱང་། ཉེ་བའི་ཆར་རྒྱ་ནག་གིས་ངོས་ནས་གསང་བའི་འཕྲུལ་ཆས་བརྒྱུད་ནས་ཨ་རིའི་ཚོང་དོན་གྱི་ཐབས་བྱུས་ཙམ་མ་ཟད་། དམག་འཐབ་ཀྱི་སྲིད་བྱུས་ཡན་རྐུ་འཁྱེར་བྱེད་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་ར་འཕྲོད་བྱུང་བ་གསུངས་པ་དང་། དེ་བཞིན་དམག་དོན་བདེ་འཇགས་ཐད་སྲིད་འཛིན་སྐུ་གཞིན་པེནསྀ་མཆོག་གིས། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་ངོས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དམག་གྱི་ལས་དོན་སྤེལ་རྒྱུའི་དམིགས་ཡུལ་གང་ཡང་བཅངས་ཀྱི་མེད་སྐོར་བརྗོད་ཀྱང་། ད་ཆ་ཉི་ཧོང་གི་འཛིན་སྐྱོང་བྱེད་སའི་ས་ཁུལ་ཁག་གི་ནང་དུ་ཡང་རྒྱ་ནག་གི་སིམ་འཛུལ་བྱེད་ཐབས་བྱེད་བཞིན་པ་དེར་སྐྱོན་བརྗོད་ཀྱང་གནང་ཡོད་པ་དང་ཆབས་ཅིག ཉེ་ལམ་སྲིད་འཛིན་ཏྲམཔ་མཆོག་གིས་ལྷོ་ཀོ་རི་ཡའི་མཉམ་དུ་ཚོང་དོན་འབྲེལ་ལམ་གོང་སྤེལ་བཏང་བ་བཞིན། རིང་མིན་ཉི་ཧོང་མཉམ་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གུ་ཡངས་ཀྱི་ཚོང་དོན་འབྲེལ་བ་བཟོ་བའི་གྲོས་མཐུན་ལ་ས་རྟགས་བཀོད་རྒྱུར་བཀའ་མོལ་གནང་རྒྱུ་ཡིན་པ་གསུངས་ཏེ་ཚོང་ལས་ཀྱི་སྲིད་བྱུས་གསར་པ་བཟུང་རྒྱུའི་སྔོན་བརྡ་བཏང་གནང་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་མཡེཀ་པེནསྀ་མཆོག་གིས་མཐའ་བསྡོམས་སུ། རྒྱ་ནག་མཉམ་དུ་ཨ་མི་རི་ཀའི་འབྲེལ་བ་དེ་དྲང་པོ་དང་འདྲ་མཉམ། ཕན་ཚུན་གུས་བཀུར་ལྡན་པའི་མངའ་དབང་ཞིག་མ་བྱུང་གི་བར་དུ་ཞི་འཇམ་པོའི་ཐོག་ནས་གནས་ཀྱི་མ་རེད་ཅེས་ཚིག་ཐག་ཆོད་པོས་གསུངས་ཡོད་པ་རེད།
གསར་འགོད་པ་བཀྲིས་དབང་ཕྱུག