ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་སློབ་སྟོན་པས་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་གནང་འདུག
ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པའི་སློབ་སྟོན་པ་གཙོས་སྐུ་ཚབ་ཚོགས་ཆུང་གིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་གནང་ནས་སྤྱི་འཐུས་ཚོགས་གཞོན་མཆོག་དང་མཇལ་འཕྲད་གནང་འདུག
- 2023-07-14
-
-
-
འདི་ཚེས་༡༣ཉིན་ཨ་མི་རི་ཀའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཀྱི་སློབ་སྟོན་པ་རྒན་པ་(Ryan Fioresi)་ལགས་དང་མཉམ་དུ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་ལགས་བཅས་མཉམ་བཅར་ཐོག རྡ་རམ་ས་ལའི་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་དང་སྤྱི་འཐུས་རྒྱུན་ལས་རྣམས་དང་མཇལ་འཕྲད་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
གོང་ཞུས་མཇལ་འཕྲད་སྐབས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས། བོད་མིའི་འཐབ་རྩོད་དེ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་གཞིར་བཟུང་ད་བར་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་གཉིས་ཕན་དབུ་མའི་སྲིད་བྱུས་འོག་མུ་མཐུད་དུ་གནས་བཞིན་ཡོད་ལ། དེ་ནི་འཛམ་གླིང་ཁྱོན་ཡོངས་ལ་མིག་དཔེ་འོས་པ་ཞིག་ཆགས་ཡོད། གནས་སྟངས་དེའི་འོག་ད་བར་ཨ་མི་རི་ཀ་གཙོས་དྲང་བདེན་དང་ཞི་བདེར་དགའ་བའི་གཞུང་མང་ཚང་མས་རྒྱབ་སྐྱོར་གནང་གི་ཡོད་པ་རེད་ལ། མུ་མཐུད་དུ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་། ཨ་རིས་ད་བར་བོད་དོན་བདེན་མཐའ་སེལ་ཐབས་སུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག
ལྷག་པར་དུ་ཁོང་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ཉེ་བའི་ལོ་ཤས་ནས་བཟུང་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་པའི་བྱིས་བ་ཚོ་རྒྱ་བསྒྱུར་སློབ་གསོ་སྤེལ་སའི་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཀྱི་ཐོག་ནས་འཇུག་བཞིན་པའི་གནས་ཚུལ་རྣམས་ཞུས་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།