ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་པར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
ཨ་མི་རི་ཀས་རྒྱ་ནག་དང་ཕན་ཚུན་གནའ་བོའི་རིག་དངོས་ཕྱིར་སློག་བྱ་རྒྱུའི་གྲོས་མཐུན་བཞག་པར་བརྟེན་ནས་སླར་ཡང་ཨ་རིས་རྒྱ་ནག་ལ་བོད་ཀྱི་རིག་དངོས་ཚུད་པའི་གནའ་བོའི་རིག་དངོས་གྲངས་ ༤༡ རྒྱ་ནག་ལ་ཕྱིར་སྤྲོད་བྱས་པར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
- 2025-03-04
-
-
-
དེ་ཡང་བཙན་འཕྲོག་དང་ནག་ཚོང་བརྒྱབ་པའི་རིག་དངོས་རྙིང་པ་རྣམས་ཕྱིར་སློག་བྱེད་ཐབས་སུ་རྒྱ་ནག་ལ་རོགས་རམ་བྱ་ཆེད་རིག་དངོས་རྙིང་པ་ཕྱིར་སྤྲོད་བྱ་རྒྱུའི་གྲོས་མཐུན་གྱི་ཆ་ཤས་སུ་ནང་པའི་རིག་དངོས་རྙིང་པ་དང་གནའ་རྫས་གྲངས་ ༤༡ ཨ་རིས་རྒྱ་ནག་ལ་ཕྱིར་སྤྲོད་བྱས་ཡོད་ཅིང་། དེ་ནི་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་མེན་ཧེ་ཊེན་ (Manhattan) ་མངའ་སྡེའི་ཁྲིམས་རྩོད་ལས་ཁུངས་ནས་ཕྱི་ཟླ་གསུམ་པའི་ཚེས་ ༤ རེས་གཟའ་མིག་དམར་ཉིན་རྒྱ་ནག་རྒྱལ་ཡོངས་རིག་གནས་ཤུལ་བཞག་ལས་ཁང་ལ་རྩིས་སྤྲོད་བྱས་པའི་སྐོར་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ (CCTV) ཐོག་རྒྱང་བསྲིངས་བྱས་ཡོད་པ་རེད།
གནའ་བོའི་རིག་དངོས་རྙིང་ཤོས་དེ་དག་ནི་ (Neolithic) ་དུས་རབས་ཏེ་སྤྱི་ལོ་སྔོན་གྱི་ (10,000BC – 1700BC) ་ཡས་མས་སྐབས་ཀྱི་ཡིན་པ་དང་། གསར་ཤོས་དེ་དག་ནི་རྒྱ་ནག་གི་ཆིང་རྒྱལ་རབས་ཏེ་ཕྱི་ལོ་ ༡༦༤༤ ནས་ཕྱི་ལོ་ ༡༩༡༡ བར་གྱི་དུས་རབས་ཀྱི་ཡིན་པ་རེད། དེ་དག་ནང་དུ་གཡང་ཊི། རྫ་ཆས། ཟངས་ཆས། གཞན་ཡང་བོད་བརྒྱུད་ནང་ཆོས་ཀྱི་རིག་དངོས་སོགས་ཚུད་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་ཐོག་བཤད་ཡོད་པ་རེད།
རྒྱ་ནག་གི་རིག་དངོས་ཉམས་ཞིབ་བསྟི་གནས་ཁང་གིས། དུས་རབས་བཅུ་དགུ་པའི་དུས་དཀྱིལ་ནས་བཟུང་རྒྱ་ནག་གི་རིག་དངོས་ས་ཡ་བཅུ་ལྷག་ཙམ་ཕྱི་རྒྱལ་དུ་བོར་བརླག་ཏུ་ཕྱིན་ཡོད་པ་དང་། དེ་དག་ནང་ནས་མང་ཆེ་བ་ནི་དམག་འཁྲུག་སྐབས་འཕྲོག་བཅོམ་བྱས་པ་དང་ཁྲིམས་འགལ་གྱིས་ནག་ཚོང་བརྒྱབ་ཡོད་པའི་སྐོར་དང་། ཨ་རི་དང་རྒྱ་ནག་ཕན་ཚུན་རིག་དངོས་ཕྱིར་སྤྲོད་བྱ་རྒྱུའི་གྲོས་མཐུན་བཞག་པ་ནས་བཟུང་ཨ་རིས་རྒྱ་ནག་ལ་རིག་དངོས་ཁྱོན་ ༥༩༤ ཕྱིར་ལོག་བྱས་ཡོད་པ་རེད།
གང་ལྟར་རིག་དངོས་ནག་ཚོང་དང་རྐུ་འཁྱེར་ཁྲིམས་འགལ་གྱི་བྱ་སྤྱོད་ནི་ད་དུང་རྒྱ་ནག་གི་དཀའ་ངལ་ཆེན་པོ་ཞིག་ཏུ་གནས་ཡོད་པ་དང་། དཔེར་ན། ༢༠༡༡ ནས་ ༢༠༢༡ བར་རྒྱ་ནག་གི་རིག་དངོས་ ༣༥༨ ཙམ་རྐུ་འཁྱེར་དང་བོར་བརླག་ཏུ་ཕྱིན་ཡོད་པ་དང་དེ་དག་མང་ཆེ་བ་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཀྱི་ས་ཁུལ་དང་། ཉིན་ཞཱ་ (Ningxia Hui) ཧོས་རིགས་རང་སྐྱོང་ལྗོངས། ཧྲན་ཞིས་ (Shaanxi) ་དང་། ཧེ་ནན་ (Henan) ་ཞིང་ཆེན་སོགས་ནས་རྐུ་འཁྱེར་བྱས་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་འབོར་ནང་འཁོད་ཡོད་པ་རེད།
ན་ནིང་ཕྱི་ཟླ་བཞི་པའི་ཚེས་ ༡༧ ཉིན་ཨ་རིའི་མེན་ཧེ་ཊེན་ (Manhattan) ་ཁྲིམས་རྩོད་པའི་ལས་ཁུངས་ཀྱི་ནག་ཚོང་འགོག་རྒོལ་ཚན་པས་གནའ་རྫས་རིགས་ ༣༨ རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པ་དེ་དག་གི་ནང་ནས་མང་ཤོས་ནི་བོད་ཀྱི་ནང་ཆོས་ཀྱི་དངོས་རྫས་ཡིན་པ་ངོས་འཛིན་ཐུབ་ཡོད་པ་དང་། དེ་རྩིས་སྤྲོད་བྱེད་པའི་མཛད་སྒོ་དེ་ནིའུ་ཡོག་གི་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་སུ་འཚོགས་ཡོད་པ་དང་། སྐབས་དེར་ཕྱིར་སློག་བྱས་པའི་དངོས་རྫས་དེ་དག་གི་ནང་དུ་སོག་པོའི་དབང་བསྒྱུར་འོག་གི་རྒྱ་ནག་གི་ཡོན་ (Yuan) དང་། མིན་ (Ming, Qing) ་རྒྱལ་རབས་སྐབས་ཀྱི་བོད་ཀྱི་ནང་ཆོས་ཀྱི་རིག་དངོས་ཚུད་ཡོད་པ་རེད་། སྐབས་དེར་རིག་གནས་དངོས་རྫས་གསར་འགྱུར་གྱིས་བཏོན་པའི་པར་རིས་ལ་སྒྱུ་རྩལ་མཁས་པ་ཚོས་དོགས་འདྲི་བྱས་པ་དང་རིག་དངོས་ཀྱི་རྒྱུ་ནོར་ཁྲིམས་ལུགས་དང་སྲིད་ཇུས་ཐད་ཀྱི་མཁས་པར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཀའ་འདྲི་ཞུས་པའི་ལན་དུ། བོད་ཀྱི་ཆོས་ལུགས་ཀྱི་དངོས་རྫས་ཨ་རིས་རྒྱ་ནག་ལ་ཕྱིར་སློག་བྱེད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། གནའ་རྫས་དེ་རིགས་བདག་པོ་ངོ་མར་འཕྲོད་རྒྱུ་དེ་གལ་ཆེན་རེད། ད་རེས་ཀྱི་བྱེད་སྟངས་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་བཟང་པོ་བཟོ་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
གཞན་དེ་འབྲེལ་སྐབས་དེར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་གནས་འདྲི་ཞུས་པར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་གནའ་བོའི་དངོས་རྫས་ཕྱིར་ལོག་བྱ་རྒྱུའི་ཐག་གཅོད་དེ་ནི་མེན་ཧེ་ཊེན་ (Manhattan) ་རྫོང་གི་ཁྲིམས་རྩོད་པའི་ལས་ཁུངས་ཀྱི་ཐད་ཀར་ཐག་གཅོད་བྱས་པ་ཞིག་ཡིན་པ་ལས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་བཀའ་བསྡུར་ཞུས་ནས་བྱས་པ་ཞིག་མིན་པ་དང་། མེན་ཧེ་ཊེན་ (Manhattan) རྫོང་གི་ཁྲིམས་རྩོད་པའི་ལས་ཁུངས་དེ་ནི་ཨ་རིའི་ནེའུ་ཡོག་མངའ་སྡེའི་གཞུང་གི་ལས་ཁུངས་ཞིག་ཡིན་པ་ལས། ཨ་རིའི་དབུས་གཞུང་གི་ལས་ཁང་ཞིག་མིན་སྟབས་གནའ་བོའི་དངོས་ཟོག་ཕྱིར་སློག་བྱས་པ་དང་དངོས་ཟོག་དེ་དག་དང་འབྲེལ་ཡོད་དྲི་བ་ཡོད་པ་ཡོངས་རྫོགས་མེན་ཧེ་ཊེན་ (Manhattan) རྫོང་གི་ཁྲིམས་རྩོད་པའི་ལས་ཁུངས་ལ་གཏོང་དགོས་སྐོར་ལན་འདེབས་གནང་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་མུ་མཐུད་དུ་མེན་ཧེ་ཊེན་ (Manhattan) ་རྫོང་གི་ཁྲིམས་རྩོད་ལས་ཁུངས་དང་ཁྲིམས་རྩོད་པའི་ཕྱག་རོགས་མེ་ཐིའུ་ སྦོག་ཌ་ནོསི་ (Matthew Bogdanos) ་ལ་འབྲེལ་བ་ཞུས་ཏེ་གནད་དོན་དེའི་ཐད་བཀའ་འདྲི་ཞུས་ཀྱང་བཀའ་ལན་གནང་མ་བྱུང་ལ། བོད་ཀྱི་གནའ་ཤུལ་དངོས་རྫས་ཁག་༣༨ཡོད་པ་དེ་དག་གང་ནས་ཇི་ལྟར་ཨ་རིར་འཁྱེར་ཡོང་་ཡོད་མེད་སོགས་གསལ་ཁ་མེད་པ་རེད།
ཨ་རིའི་རིག་གཞུང་གི་སྲིད་ཇུས་ཚོགས་ཆུང་ངམ་ (Committee for Cultural Policy) ་ཞེས་པའི་ཉམས་ཞིབ་ཁང་གི་སྤྱི་ཁྱབ་འགན་འཛིན་ཀེཊ་ ཕིཛ་ གྷི་སྦོན་ (Kate Fitz Gibbon) ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་གྲངས་ཉུང་མི་རིགས་ཀྱི་གནའ་བོའི་ཆོས་དང་རིག་གཞུང་གི་ཤུལ་བཞག་རིག་དངོས་ཁག་བདག་གཅེས་སྲུང་སྐྱོབ་མ་བྱས་པར་གཏོར་བཤིག་གཏོང་ཐབས་བྱེད་བཞིན་ཡོད་པས་ན། ཨ་རིས་སྒེར་གཅོད་དབང་འཛིན་ལམ་ལུགས་ཅན་གྱི་རྒྱ་ནག་ལ་རོགས་པ་བྱེད་དགོས་དོན་མེད་ལུགས་གསུངས་ནས་སྐྱོན་བརྗོད་གནང་འདུག
དེའི་ཐད་བོད་མིའི་ངོས་ནས་ཀྱང་ངོ་རྒོལ་སྐྱོན་བརྗོད་གནང་མཁན་བྱུང་ཡོད་ཅིང་། སེན་ཌ་ཧྥེ་ (Santa Fe) ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒན་གྲས་ཡིན་པ་བླ་མ་དབང་ཕྱུག་རྒྱལ་མཚན་ལགས་ཀྱིས། ཇི་སྲིད་བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཡང་ན་༧མགོན་པོ་གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་ཞི་བའི་གྲོས་མོལ་གྱི་ལམ་ནས་མ་སེལ་གྱི་བར་དུ་བོད་ཀྱི་གནའ་བོའི་དངོས་རྫས་ཁག་རྒྱ་ནག་ལ་ཕྱིར་ལོག་བྱ་རྒྱུ་མེད་སྐོར་སོགས་གསུངས་ཡོད་པ་དང་མཉམ། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་མེན་ཧེ་ཊེན་ (Manhattan) ་རྫོང་གི་ཁྲིམས་རྩོད་པ་དང་ནེའུ་ཡོག་མངའ་སྡེའི་གྲོས་ཚོགས་འཐུས་མི་བཅས་ལ་བོད་མིའི་སེམས་ཚབས་མཚོན་པའི་ཕྱག་བྲིས་བཏང་ཡོད་ཀྱང་ལན་འདེབས་གང་ཡང་བྱུང་མི་འདུག
དེ་བཞིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་གནས་སྡོད་བོད་མི་ཁྲིམས་རྩོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཨ་རིས་ཕྱིར་སྤྲོད་བྱེད་བཞིན་པའི་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་དེ་དག་བོད་པ་ལ་བདག་དབང་ཡོད་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་པའི་རིག་གཞུང་རྩ་གཏོར་གཏོང་བཞིན་པ་ཡིན་དུས་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བལྟས་ཀྱང་ཨ་རིའི་རྒྱ་ནག་ལ་རིག་དངོས་དེ་དག་ཕྱིར་སྤྲོད་བྱེད་བཞིན་པ་ནི་ཁྲིམས་ལུགས་དང་མི་མཐུན་པའི་གྱི་ནོར་འཁྲུལ་ཚབས་ཆེན་ཞིག་རེད་ཅེས་སྐྱོན་བརྗོད་གནང་བཞིན་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནའ་བོའི་རིག་གཞུང་གི་རྒྱུ་དངོས་ཁག་ཁྲིམས་འགལ་སྒོ་ནས་ནང་འདྲེན་དང་ཕྱིར་ཚོང་བྱེད་མི་ཆོག་པ་དང་། ནག་ཚོང་སྔོན་འགོག་གི་ཆིངས་དོན་གཞིར་བཟུང་། ཨ་རི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་བར་ཕྱི་ལོ་༡༩༧༢ལོར་རིག་གཞུང་གི་རྒྱུ་ནོར་དང་འབྲེལ་བའི་གྲོས་མཐུན་ཞིག་ལ་མོས་མཐུན་བྱུང་བ་ལྟར། གྲོས་མཐུན་དེའི་འབྲུ་དོན་ཨ་རིས་ལག་ལེན་བསྟར་ཡོད་ཚུལ་དང་། ཨ་མི་རི་ཀས་བོད་དང་བོད་མིའི་ཐུན་མོང་མ་ཡིན་པའི་རྒྱལ་རབས་ལོ་རྒྱུས་དང་སྐད་ཡིག ཆོས་དང་རིག་གཞུང་གི་གནའ་ཤུལ་རིག་དངོས་ཁག་བདག་གཅེས་སྲུང་སྐྱོབ་ཞུ་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་ཡང་ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་པའི་ནང་གསལ་བཤད་གནང་འདུག།
གསར་འགོད་པ། གཡུ་སྒྲོན། སེང་གེ་རི་བསོད་ནམས་ལྷ་མོ། བསྟན་འཛིན་པདྨ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།