ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག

རྒྱ་ནག་གཞུང་ནི་བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིག་གཏོང་མཁན་ཞིག་ཡིན་དུས་ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་སྐྱོན་བརྗོད་དང་སེམས་ཚབས་བྱེད་མཁན་འདུག

ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་གི་(Manhattan)་རྫོང་གི་ཁྲིམས་རྩོད་ལས་ཁང་གི་གནའ་ཤུལ་རིག་དངོས་ནག་ཚོང་དོ་དམ་སྡེ་ཚན་གྱིས་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བའི་བོད་བརྒྱུད་ནང་པའི་རིང་དངོས་ཁག ༠༤།༡།༧།༢༠༢༤ Xinhua/Li Rui

ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་གི་(Manhattan)་རྫོང་གི་ཁྲིམས་རྩོད་ལས་ཁང་གི་གནའ་ཤུལ་རིག་དངོས་ནག་ཚོང་དོ་དམ་སྡེ་ཚན་གྱིས། ༢༠༢༤ཟླ་༤ཚེས་༡༧ཉིན་གནའ་ཤུལ་དངོས་རྫས་༣༨བོད་བརྒྱུད་ནང་བསྟན་གྱི་དངོས་རྫས་ཡིན་པའི་ངོ་རྟགས་བཟུང་རྗེས་དེ་དག་རྒྱ་ནག་ལ་ཕྱིར་སྤྲོད་བྱ་རྒྱུའི་མཛད་སྒོ་ཞིག་གྲོང་ཁྱེར་དེའི་ནང་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་སུ་འཚོགས་འདུག་ཅིང་། མཛད་སྒོའི་ཐོག་རྒྱ་ནག་གི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་བློན་ཆེན་གཞོན་པ་(Li Qun)་དང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཡན་ལག་ཁང་གི་དོན་གཅོད་(Huang Ping)་བཅས་མཉམ་ཞུགས་བྱས་ཡོད་འདུག
གནད་དོན་འདིའི་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་གནས་འདྲི་ཞུས་པར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་གནའ་བོའི་དངོས་རྫས་ཕྱིར་ལོག་བྱ་རྒྱུའི་ཐག་གཅོད་དེ་ནི་(Manhattan)་རྫོང་གི་ཁྲིམས་རྩོད་པའི་ལས་ཁུངས་ཀྱི་ཐད་ཀར་ཐག་གཅོད་བྱས་པ་ཞིག་ཡིན་པ་ལས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་བཀའ་བསྡུར་ཞུས་ནས་བྱས་པ་ཞིག་མིན་པ་དང་། (Manhattan)་རྫོང་གི་ཁྲིམས་རྩོད་པའི་ལས་ཁུངས་དེ་ནི་ཨ་རིའི་ནེའུ་ཡོག་མངའ་སྡེའི་གཞུང་གི་ལས་ཁུངས་ཞིག་ཡིན་པ་ལས། ཨ་རིའི་དབུས་གཞུང་གི་ལས་ཁང་ཞིག་མིན་སྟབས་གནའ་བོའི་དངོས་ཟོག་ཕྱིར་སློག་བྱས་པ་དང་དངོས་ཟོག་དེ་དག་དང་འབྲེལ་ཡོད་དྲི་བ་ཡོད་པ་ཡོངས་རྫོགས་(Manhattan)་རྫོང་གི་ཁྲིམས་རྩོད་པའི་ལས་ཁུངས་ལ་གཏོང་དགོས་སྐོར་ལན་འདེབས་གནང་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་མུ་མཐུད་དུ་(Manhattan)་རྫོང་གི་ཁྲིམས་རྩོད་ལས་ཁུངས་དང་ཁྲིམས་རྩོད་པའི་ཕྱག་རོགས་(Matthew Bogdanos)་ལ་འབྲེལ་བ་ཞུས་ཏེ་གནད་དོན་དེའི་ཐད་བཀའ་འདྲི་ཞུས་ཀྱང་བཀའ་ལན་གནང་མ་བྱུང་ལ། བོད་ཀྱི་གནའ་ཤུལ་དངོས་རྫས་ཁག་༣༨ཡོད་པ་དེ་དག་གང་ནས་ཇི་ལྟར་ཨ་རིར་འཁྱེར་ཡོང་་ཡོད་མེད་སོགས་གསལ་ཁ་མེད་པ་རེད།
ཨ་རིའི་རིག་གཞུང་གི་སྲིད་ཇུས་ཚོགས་ཆུང་ངམ་(Committee for Cultural Policy)་ཞེས་པའི་ཉམས་ཞིབ་ཁང་གི་སྤྱི་ཁྱབ་འགན་འཛིན་(Kate Fitz Gibbon)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་གྲངས་ཉུང་མི་རིགས་ཀྱི་གནའ་བོའི་ཆོས་དང་རིག་གཞུང་གི་ཤུལ་བཞག་རིག་དངོས་ཁག་བདག་གཅེས་སྲུང་སྐྱོབ་མ་བྱས་པར་གཏོར་བཤིག་གཏོང་ཐབས་བྱེད་བཞིན་ཡོད་པས་ན། ཨ་རིས་སྒེར་གཅོད་དབང་འཛིན་ལམ་ལུགས་ཅན་གྱི་རྒྱ་ནག་ལ་རོགས་པ་བྱེད་དགོས་དོན་མེད་ལུགས་གསུངས་ནས་སྐྱོན་བརྗོད་གནང་འདུག
དེའི་ཐད་བོད་མིའི་ངོས་ནས་ཀྱང་ངོ་རྒོལ་སྐྱོན་བརྗོད་གནང་མཁན་བྱུང་ཡོད་ཅིང་། (Santa Fe)་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒན་གྲས་ཡིན་པ་བླ་མ་དབང་ཕྱུག་རྒྱལ་མཚན་ལགས་ཀྱིས། ཇི་སྲིད་བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཡང་ན་༧མགོན་པོ་གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་ཞི་བའི་གྲོས་མོལ་གྱི་ལམ་ནས་མ་སེལ་གྱི་བར་དུ་བོད་ཀྱི་གནའ་བོའི་དངོས་རྫས་ཁག་རྒྱ་ནག་ལ་ཕྱིར་ལོག་བྱ་རྒྱུ་མེད་སྐོར་སོགས་གསུངས་ཡོད་པ་དང་མཉམ། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་(Manhattan)་རྫོང་གི་ཁྲིམས་རྩོད་པ་དང་ནེའུ་ཡོག་མངའ་སྡེའི་གྲོས་ཚོགས་འཐུས་མི་བཅས་ལ་བོད་མིའི་སེམས་ཚབས་མཚོན་པའི་ཕྱག་བྲིས་བཏང་ཡོད་ཀྱང་ད་བར་དུ་ལན་འདེབས་གང་ཡང་བྱུང་མི་འདུག
དེ་བཞིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་གནས་སྡོད་བོད་མི་ཁྲིམས་རྩོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཨ་རིས་ཕྱིར་སྤྲོད་བྱེད་བཞིན་པའི་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་དེ་དག་བོད་པ་ལ་བདག་དབང་ཡོད་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་པའི་རིག་གཞུང་རྩ་གཏོར་གཏོང་བཞིན་པ་ཡིན་དུས་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བལྟས་ཀྱང་ཨ་རིའི་རྒྱ་ནག་ལ་རིག་དངོས་དེ་དག་ཕྱིར་སྤྲོད་བྱེད་བཞིན་པ་ནི་ཁྲིམས་ལུགས་དང་མི་མཐུན་པའི་གྱི་ནོར་འཁྲུལ་ཚབས་ཆེན་ཞིག་རེད་ཅེས་སྐྱོན་བརྗོད་གནང་བཞིན་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནའ་བོའི་རིག་གཞུང་གི་རྒྱུ་དངོས་ཁག་ཁྲིམས་འགལ་སྒོ་ནས་ནང་འདྲེན་དང་ཕྱིར་ཚོང་བྱེད་མི་ཆོག་པ་དང་། ནག་ཚོང་སྔོན་འགོག་གི་ཆིངས་དོན་གཞིར་བཟུང་། ཨ་རི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་བར་ཕྱི་ལོ་༡༩༧༢ལོར་རིག་གཞུང་གི་རྒྱུ་ནོར་དང་འབྲེལ་བའི་གྲོས་མཐུན་ཞིག་ལ་མོས་མཐུན་བྱུང་བ་ལྟར། གྲོས་མཐུན་དེའི་འབྲུ་དོན་ཨ་རིས་ལག་ལེན་བསྟར་ཡོད་ཚུལ་དང་། ཨ་མི་རི་ཀས་བོད་དང་བོད་མིའི་ཐུན་མོང་མ་ཡིན་པའི་རྒྱལ་རབས་ལོ་རྒྱུས་དང་སྐད་ཡིག ཆོས་དང་རིག་གཞུང་གི་གནའ་ཤུལ་རིག་དངོས་ཁག་བདག་གཅེས་སྲུང་སྐྱོབ་ཞུ་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་ཡང་ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་པའི་ནང་གསལ་བཤད་གནང་འདུག
གོང་བརྗོད་བོད་བརྒྱུད་ནང་བསྟན་གྱི་གནའ་ཤུལ་རིག་དངོས་ཁག་༣༨དེའི་ཁོངས་སུ་ཡོན་རྒྱལ་རབས་དང་། མིང་རྒྱལ་རབས། ཆིང་རྒྱལ་རབས་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆེས་དཀོན་པའི་ལི་མའི་རྡོ་རྗེ་དང་། བ་སོས་བརྐོས་པ། ཤིང་གི་འབུར་སྐུ། ལྡེབས་རིས་དུམ་བུ་བཅས་ཡོད་པ་དང་། དེ་དག་གི་ལོ་རྒྱུས་དང་སྒྱུ་རྩལ་དེ་བཞིན་ཚན་རིག་སོགས་ཀྱི་ཐོག་ནས་རིན་ཐང་ལྡན་པ་ཞིག་ཡིན་སྐོར་དང་། རིག་དངོས་དེ་དག་འདི་ལོའི་སྤྱི་ཟླ ༣པའི་ནང་མན་ཧ་ཊན་རྫོང་གི་ཁྲིམས་རྩོད་པའི་ལས་ཁུངས་ཀྱིས་བདག་བཟུང་བྱས་ཡོད་པ་ལས་དངོས་རྫས་དེ་དག་ཇི་ལྟར་ལག་སོན་བྱུང་བ་སོགས་གསལ་པོ་འཁོད་མེད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། བསྟན་འཛིན་པདྨ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org