ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་ཇུས་ལ་འགྱུར་བ་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བསྐྱར་ནན་གནང་བྱུང་།

ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་ཇུས་ལ་སྔར་བཞིན་འགྱུར་བ་མེད་པ་དང་ཨ་མི་རི་ཀས་རྒྱ་ནག་གཞུང་ལ་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་གྲོས་མོལ་བསྐྱར་མཐུད་གནང་དགོས་པའི་སྐུལ་མ་གནང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་བསྐྱར་ནན་གནང་བྱུང་།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མ་ཀོ་རུ་སྦི་ཡོ་ (Marco Rubio) མཆོག ༢༠༢༥།༠༡།༢༡ AP

* གནས་ཚུལ་ཁ་སྣོན། ༢༠༢༥།༣།༣

ཨ་མི་རི་ཀས་རྒྱ་ནག་གཞུང་ལ་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་གྲོས་མོལ་བསྐྱར་མཐུད་གནང་དགོས་པའི་སྐུལ་མ་བྱས་ཡོད་ནའང་། ཨ་རིའི་སྲིད་འཛིན་ཌོལ་ནལཌི་་ཊམཔ་ (Donald Trump) ཡི་གཞུང་འཛིན་གསར་པའི་འོག་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུའི་ཐད་ད་ལྟའི་ཆར་གསལ་བསྒྲགས་གང་ཡང་གནང་རྒྱུ་མེད་ཅེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲི་བར་ཡིག་ཐོག་ལན་འདེབས་གནང་བའི་ནང་གསུངས་བྱུང་། འདི་ནི་ད་ལྟའི་ཨ་རིའི་གཞུང་འཛིན་གསར་པས་བོད་དོན་ཐད་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ཡོངས་གྲགས་གསལ་བཤད་གནང་པ་ཐོག་མའི་གྲས་ཤིག་ཆགས་ཀྱི་ཡོད་པ་རེད།
ཡིག་ཐོག་ལན་འདེབས་གནང་བ་དེའི་ནང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨ་རིའི་གཞུང་གིས་བོད་དོན་ཐད་ཡུན་རིང་ནས་བཟུང་པའི་ལངས་ཕྱོགས་སྐོར་ལ་བསྐྱར་ནན་གསལ་བཤད་གནང་བའི་ནང་། "ཨ་རིས་བོད་མིའི་ངོ་བོ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་དང་མདུན་སྐྱོད་བྱེད་རྒྱུ་དང་། དེ་བཞིན་བོད་མི་ཚོས་ཁོང་ཚོའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་། རིག་གཞུང་། སྐད་ཡིག་བཅས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་རྒྱུ་བཅས་ཀྱི་དམིགས་ཡུལ་ཐོག་ལོ་བཅུ་ཕྲག་མང་པོའི་རིང་དང་ཆབ་སྲིད་ཚོགས་པ་གཉིས་ཀའི་རྒྱབ་སྐྱོར་དང་ལྡན་པའི་ཁས་ལེན་བྱས་ཡོད་ཅེས་དང་། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། ཁོང་གི་སྐུ་ཚབ། ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མིའི་འགོ་ཁྲིད་ཚོ་དང་མཉམ་དུ་སྔོན་འགྲོའི་ཆ་རྐྱེན་མེད་པར་ཐད་ཀར་གྲོས་མོལ་བསྐྱར་མཐུད་ཀྱིས་མི་མཐུན་པའི་གནད་དོན་ཁག་སེལ་ཐབས་དང་། བོད་མི་ཚོར་དོན་དམ་གྱི་རང་སྐྱོང་གི་རྩ་དོན་འཐོབ་ཐབས་བྱེད་དགོས་པའི་འབོད་སྐུལ་མུ་མཐུད་བྱེད་རྒྱུ་ཡིན། ང་ཚོས་ད་དུང་རྒྱ་ནག་ལ་ཏཱ་ལའི་བླ་མ་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གཞན་ཁག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ནང་ཐེ་བྱུས་མཚམས་འཇོག་བྱེད་དགོས་པ་དང་། ཆོས་ལུགས་ཡོངས་ཀྱི་མི་སྒེར་ཚང་མའི་ཆོས་དད་རང་དབང་ལ་གུས་བརྩི་བྱེད་དགོས་པའི་འབོད་སྐུལ་མུ་མཐུད་བྱེད་རྒྱུ་ཡིན།"ཞེས་ཁས་ལེན་གནང་འདུག

དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤྱི་ཟླ་གསུམ་པའི་ཚེས་༣ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་སྐབས། སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་འཛིན་གསར་པ་སླེབས་ནས་ཟླ་གཅིག་དང་ཕྱེད་ཀ་ཙམ་འགྲོ་བཞིན་པའི་རིང་ཐག་གཅོད་མང་པོ་ཞིག་གནང་བའི་ཁྲོད་བོད་དོན་དང་འབྲེལ་བའི་ཐད་ཨ་རིའི་ཕྱི་སྲིད་དྲུང་ཆེ་མ་ཀོ་རུ་སྦི་ཡོ་ (Marco Rubio) ་མཆོག་གི་གསུངས་བབ་ལ་བལྟས་བ་ཡིན་ན་ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་བོད་དོན་ཐོག་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གང་ཡང་མེད་པར་ཨ་རིས་བོད་དོན་ཁྲིམས་ཡིག་ནང་འཁོད་པ་གཞིར་བཟུང་མུ་མཐུད་དུ་རྒྱབ་སྐྱོར་ཡོད་པ་བཀའ་གནང་བཞིན་པ་ཡིན་དུས། ཨ་རིའི་བོད་དོན་ཐད་སྲིད་ཇུས་དེ་རང་འཇགས་གནས་ཡོད་ན་རོགས་སྐྱོར་ཁག་ཡང་མུ་མཐུད་དུ་གནས་དགོས་བའི་རྒྱུ་མཚན་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་དང་། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱི་ངོས་ནས་མུ་མཐུད་ཨ་རིའི་རོགས་དངུལ་ཁག་རག་ཐབས་ལ་འབད་བརྩོན་གནང་བཞིན་པ་གསུངས་བྱུང་།

བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཨ་རིའི་གཞུང་འཛིན་གསར་པ་སླེབས་ནས་ཟླ་བ་གཅིག་ལྷག་ལས་ཕྱིན་མེད་པས། ད་ལྟ་ཨ་རིའི་གཞུང་གསར་པས་བློན་ཆེན་རིམ་པའི་དཔོན་རིགས་ཁག་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་དགོས་བ་བརྒྱུད་བསྐོ་བཞག་གནང་དང་གནང་མུས་ཡིན་པ་དང་། ཕྱི་སྲིད་དྲུང་ཆེ་བསྐོ་བཞག་གནང་ཟིན་ན་ཡང་དེའི་འོག་གི་ལས་གནས་ཁག་བསྐོ་བཞག་བྱེད་བཞིན་པའི་སྒང་ཡིན་པས། ཁོང་ཚོའི་ངོས་ནས་མི་འགྱངས་བར་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་བཞག་གནང་རྒྱུའི་རེ་བ་དང་ཡོད་ཆེས་བྱེད་བཞིན་ཡོད་ལ་དེའི་ཐད་འབྲེལ་ཡོད་ཁག་ལ་འབྲེལ་བ་ཞུས་ཏེ་འབད་བརྩོན་ཞུ་མུས་ཡིན། མ་ཟད་ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་དེ་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་སོགས་བོད་དོན་རྒྱབ་སྐྱོར་ལ་འགྱུར་བ་མེད་པ་དང་ལས་དོན་མུ་མཐུད་དུ་གནང་མུས་ཡིན་པ་གསུངས་བྱུང་།
ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པའི་གོ་གནས་དེ་ནི་ ༢༠༠༢ ལོའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་ཡིག་གཞིར་བཟུང་ངེས་པར་དུ་བསྐོ་གཞག་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་ཅིང་། འབྲེལ་མཐུད་ལས་ཁུངས་དེས་རྒྱ་ནག་དང་བོད་མིའི་སྐུ་ཚབ་བར་གྱི་གྲོས་མོལ་གོང་འཕེལ་གཏོང་རྒྱུ་དང་། ཆོས་དད་རང་དབང་སྲུང་སྐྱོབ་ཐད་རྒྱབ་སྐྱོར། འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནད་དོན་སེལ་རྒྱུ་བཅས་ལ་གལ་ཆེའི་འགན་ཁུར་བཞེས་གནང་གི་ཡོད་པ་རེད།
དེ་སྔ་སྲིད་འཛིན་འཇཱོ་སྦཡེ་ཌེན་ (Joe Biden) ་གྱི་འཛིན་སྐྱོང་གི་འོག་ཏུ། རིམ་པ་གཉིས་པའི་དྲུང་ཆེ་ལྕམ་ཨུཛ་ར་ཛེ་ཡ་ (Uzra Zeya) ཡིས་དམིགས་བསལ་འབྲེལ་མཐུད་པའི་ལས་འགན་བཞེས་གནང་ཡོད་པ་དང་། ཁོང་གི་ལས་ཡུན་དེ་ ༢༠༢༥ ལོའི་ཟླ་དང་པོའི་ཚེས་༡༣ ཉིན་མཇུག་སྒྲིལ་ཡོད་པ་རེད། དེའི་རྗེས་ད་ལྟའི་ཨ་རིའི་གཞུང་འཛིན་གསར་པའི་ངོས་ད་དུང་ཡང་བོད་དོན་ཆེད་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་མེད་པ་རེད།།


གསར་འགོད་པ། བསྟན་འཛིན་བདེ་སྐྱིད། མཁའ་འགྲོ་གཡང་འཛོམས། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org