ཨ་རིའི་དམག་གྲུ་ཆེན་པོ་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་སྐོར་བསྐྱོད།

ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མངའ་ཁོངས་ལ་སུས་ཀྱང་འགྱུར་བ་བཏང་ན་འགྲིག་གི་མེད་པ་ཨ་མི་རི་ཀས་རྒྱ་ནག་ལ་བརྡ་བཏང་འདུག

ཨ་མི་རི་ཀའི་དམག་གྲུ ༢༠༡༤ US Navy

ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མངའ་ཁོངས་ལ་སུས་ཀྱང་འགྱུར་བ་བཏང་ན་འགྲིག་གི་མེད་པ་ཨ་མི་རི་ཀས་རྒྱ་ནག་ལ་བརྡ་བཏང་འདུག
རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་གླིང་ཕྲན་ཁག་ཅིག་ནང་དམག་དོན་རྟེན་གཞི་འཛུགས་སྐྲུན་བྱེད་བཞིན་པའི་སྐབས་འདིར་ཨ་རིའི་(USS Carl Vinson)་ཟེར་པའི་དམག་གྲུ་དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཐོག་ཏུ་སྐོར་བསྐྱོད་བྱེད་བཞིན་པ་དང་། དེའི་དམིགས་ཡུལ་ནི་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དེ་སྔོན་ཡོད་བཞིན་པའི་མངའ་ཁོངས་ལ་སུས་ཀྱང་འགྱུར་བ་བཏང་ན་འགྲིག་གི་མེད་པའི་བརྡ་བཏང་བ་ཞིག་མཚོན་གྱི་ཡོད་པ་ཨ་རིའི་དམག་དཔོན་མཐོ་གྲས་ཤིག་གིས་གསུངས་ཡོད་འདུག
གསར་འགྱུར་རྒྱུད་ལམ་ཁག་གི་ཐོག་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མཚོ་གླིང་ཁག་གི་བདག་དབང་རྒྱ་ནག་ལ་ཡོད་ལུགས་ཤོད་བཞིན་པ་དེ་སྲ་བརྟན་གཏོང་ཆེད་དུ་གླིང་ཕྲན་ཁག་ཅིག་ནང་མུ་མཐུད་ནས་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་པའི་ཁར། མཚོ་ཁུལ་ནང་བཅོས་མའི་གླིང་ཕྲན་གསར་རྒྱག་བྱས་ནས་དམག་དོན་རྟེན་གཞི་བཙུགས་པར་གདོང་ལེན་བྱེད་ཆེད་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།
ཡང་(Car Vinson)་ཞེས་པའི་དམག་གྲུ་ཆེན་མོ་དེའི་མཚོ་དམག་དམག་དཔོན་ཞིག་གིས། ཨ་རིའི་མཚོ་དམག་གི་གྲུ་གཟིངས་ལྷོ་རྒྱ་ནག་རྒྱལ་མཚོའི་ཁུལ་ལ་སྐོར་བསྐྱོད་བྱེད་དགོས་དོན་གཙོ་བོ་ནི་། ཁུལ་དེའི་མཚོ་ཐོག་ལ་མཚོ་བསྐྱོད་རང་དབང་དང་མཚོ་ཐོག་གི་ཚོང་ལས་རང་དབང་སྲུང་སྐྱོབ་ཆེད་ཡིན་པ་མ་ཟད། ཁུལ་དེའི་མཐུན་གྲོགས་རྒྱལ་ཁབ་ཚོར་སེམས་ཁུར་བྱས་པ་ཞིག་མཚོན་ཐབས་ཡིན་པས་། དེའི་ཁུལ་དུ་ལོ་ངོ་༥༠་ལྷག་གི་རྒྱུན་སྲོལ་ཡོད་པའི་མངའ་ཁོངས་དེ་དག་ལ་སུས་ཀྱང་འགྱུར་བ་བཏང་ན་འགྲིག་གི་མ་རེད་ཅེས་གསུངས་ཡོད་འདུག

གསར་འགོད་པ་བློ་བཟང་ཆོས་འཕེལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org