ཨ་རིས་ར་ཤེ་ཡའི་བཙན་འཛུལ་བྱ་སྤྱོད་ལ་རྒྱབ་སྐྱོར་མི་བྱེད་པའི་རེ་སྐུལ་བྱས་ཡོད་འདུག

ཨ་རིའི་ཕོ་བྲང་དཀར་པོས་རྒྱ་ནག་ལ་ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་བྱེད་བཞིན་པའི་བྱ་སྤྱོད་ལ་རྒྱབ་སྐྱོར་མི་བྱེད་པའི་ནན་སྐུལ་དང་འཛམ་ཡོངས་ཀྱིས་ཀྱང་ར་ཤེ་ཡའི་བྱ་སྤྱོད་ངོས་ལེན་བྱེད་མི་ཉན་པ་བརྗོད་འདུག

ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཀྱི་མགྲིན་ཚབ་པ་(John Kirby)་ལགས། REUTERS

ཨ་རིའི་ཕོ་བྲང་དཀར་པོས་རྒྱ་ནག་ལ་ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་བྱེད་བཞིན་པའི་བྱ་སྤྱོད་ལ་རྒྱབ་སྐྱོར་མི་བྱེད་པའི་ནན་སྐུལ་དང་འཛམ་ཡོངས་ཀྱིས་ཀྱང་ར་ཤེ་ཡའི་བྱ་སྤྱོད་ངོས་ལེན་བྱེད་མི་ཉན་པ་བརྗོད་འདུག
དེ་ཡང་རོའི་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༡༥ཉིན་(Uzbekistan)་ནང་ཧྲང་ཧེ་མཉམ་འབྲེལ་སྒྲིག་འཛུགས་ཟེར་བའི་ལྷན་ཚོགས་ཚོགས་བཞིན་པ་དང་བསྟུན། དེར་ཕེབས་ཡོད་པའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ར་ཤི་ཡའི་སྲིད་འཛིན་པུའུ་ཊིན་གཉིས་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་ཞི་ཅིན་ཕིང་གིས་པུའུ་ཊིན་ལ་གྲོགས་པོ་རྙིང་པ་ཞེས་བོས་ཡོད་པ་དང་། པུའུ་ཊིན་གྱིས་ང་ཚོའི་གྲོགས་པོ་རྒྱ་ནག་གིས་ཡུཀ་རེན་གྱི་གནད་དོན་ཐད་འགག་རྩའི་དུས་སུ་བར་གནས་ཀྱི་ལངས་ཕྱོགས་འཛིན་བཞིན་པ་དེར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཁྱེད་ཚོས་དེ་རིང་གི་ཚོགས་འདུའི་ཐོག་དོགས་འདྲི་དང་སེམས་འཁུར་བྱས་པ་དང་ཁྱེད་ཚོའི་བར་གནས་ཀྱི་ལངས་ཕྱོགས་དེར་གོ་ཤེས་ཐུབ་ཀྱི་འདུག་ཅེས་བརྗོད་ཡོད་འདུག ད་རེས་ཁོང་གཉིས་ཐུག་འཕྲད་གནང་པ་དེ་ནི་ད་ལོའི་ཕྱི་ཟླ་གཉིས་པའི་ནང་ར་ཤེ་ཡས་ཡུཀ་རེན་ལ་བཙན་འཛུལ་གྱི་དམག་རྒྱབ་པ་ནས་བཟུང་ར་ཤེ་ཡ་དང་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་བར་ཐུག་འཕྲད་བྱས་པ་ཐོག་མ་དེ་ཡིན་པ་རེད།


ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཀྱི་མགྲིན་ཚབ་པ་(John Kirby)་ལགས་ཀྱིས་ཨ་རིའི་(CNN)་བརྙན་འཕྲིན་ལས་ཁང་གི་བཅར་འདྲིའི་སྐབས་སུ་གསུངས་དོན། ང་ཚོའི་བསམ་པར་རྒྱལ་ཁབ་གང་ཡིན་ཡང་ཪ་ཤེ་ཡིས་ཡུཀ་རེན་ནང་བཙན་འཛུལ་གནད་དོན་དེའི་ཐོག་ཟུར་གནས་སུ་སྡོད་རྒྱུ་མེད་པ་དང་། དེ་ལས་ལྡོག་སྟེ་འཛམ་གླིང་ཡོངས་ཀྱིས་ར་ཤེ་ཡའི་སྲིད་འཛིན་པོའུ་ཊིན་ལ་ཁ་གཏད་གདོང་ལེན་བྱེད་དགོས་ངེས་ཤིག་རེད། ད་ལྟའི་སྐབས་སུ་སྲིད་འཛིན་པོའི་ཊིན་ལྷན་དུ་རྒྱུན་གཏན་ལྟར་འབྲེལ་བ་གནང་ཐབས་ཤིག་མེད་པ་རེད་ཅེས་བརྗོད་འདུག ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོས་བརྒྱུད་ལམ་གཞན་ཞིག་དུ། ཞི་ཅིང་ཕིང་དང་པོའུ་ཊིན་གཉིས་ཀྱི་ཐུག་འཕྲད་ཇི་ལྟར་ཡོང་མིན་དོ་སྣང་བྱེད་དགོས་པ་དང་། ད་བར་རྒྱ་ནག་གིས་ཪ་ཤེ་ཡ་ལ་ཕྱི་དངོས་པོའི་ཐོག་ནས་རྒྱབ་སྐྱོར་གནང་མེད་པ་དང་། དེ་བཞིན་ར་ཤེ་ཡ་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་པའི་ལས་དོན་རྒྱ་ནག་གིས་གང་ཡང་བྱས་མེད་ཚུལ་བརྗོད་འདུག ཨ་རིས་ཡུཀ་རེན་གྱི་བདེ་འཇགས་ཆེད་རོགས་སྐྱོབ་འཕར་མ་ཞིག་བསྐྱར་ཏུ་གཏོང་རྒྱུ་གང་མགྱོགས་གསལ་བསྒྲགས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
ར་ཤེ་ཡས་ཡུཀ་རེན་ལ་དམག་བརྒྱབ་སྟེ་ད་བར་དམག་མི་གཙོས་མི་སེར་སྟོང་ཕྲག་བརྒལ་བ་བསད་པ་མ་ཟད། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཚོད་དཔག་མི་ཐེབས་པའི་གསན་སུ་གྱུར་བ་དང་། ར་ཤེ་ཡ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་གནས་སྟངས་དེ་གྲང་དམག་རྗེས་ཀྱི་བཟའ་བཅའ་དང་རྡོ་སྣུམ་གྱི་གོང་ཚད་མཐོ་ཤོས་སུ་སླེབས་ཡོད་པ་རེད།
ར་ཤེ་ཡས་ཡུཀ་རེན་ལ་དམག་བརྒྱབ་པ་དེར་རྒྱ་ནག་གི་ཕྱོགས་ནས་ཡོངས་གྲགས་ཐོག་སྐྱོན་བརྗོད་བྱས་མེད་པ་དང་། རྒྱལ་ཁབ་མང་པོས་ར་ཤེ་ཡར་སྐྱོན་བརྗོད་བྱས་ཡོད་ནའང་རྒྱ་ནག་ཕྱོགས་ནས་དེར་དམིགས་བསལ་གྱི་དམག་དོན་ལས་འགུལ་ལ་ངོས་འཛིན་གྱིས་བཙན་འཛུལ་ཟེར་བའི་ཚིག་ཙམ་ཡང་བེད་སྤྱོད་བཏང་མེད་པ་རེད།

གསར་འགོད་པ། ཚེ་བརྟན་རྡོ་རྗེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org