ཨ་རིའི་རྒྱ་ནག་གཞུང་ཚབ་ཀྱི་འོས་མི་ཌེ་ཝིཌ་པར་དུ་ལགས་ཀྱིས་གྲོས་ཚོགས་གོང་མའི་ཉན་ཞིབ་སྐབས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་གདོང་ལེན་བྱ་རྒྱུ་ཡིན་པ་བརྗོད་འདུག

ཊམཔ་སྲིད་གཞུང་གི་ཨ་རིའི་རྒྱ་ནག་གཞུང་ཚབ་འོས་མི་གྲོས་ཚོགས་འཐུས་མི་ཟུར་པ་ཌེ་ཝིཌ་པར་དུ་ (David Perdue) ལགས་ཀྱིས་རྒྱ་ནག་གིས་བོད་མི་དང་ཡུ་གུར་བ་རྣམས་ལ་བཙན་ཤེད་ངལ་རྩོལ་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་ཨ་རི་ངོས་ནས་མ་དགའ་བའི་རྣམ་འགྱུར་གཙང་མ་སྟོན་དགོས་པ་ལས་མིག་ཙུམ་ནས་སྡོད་མི་རུང་བའི་སྐོར་གསུངས་ཡོད་པར་བོད་མིའི་སྒྲིག་འཛུགས་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྣམས་ཀྱིས་དགའ་བསུ་ཞུ་གི་འདུག

གྲོས་ཚོགས་འཐུས་མི་ཟུར་པ་ཌེ་ཝིཌ་པར་དུ་ལགས་ཀྱིས་གསུང་བཤད་གནང་བཞིན། ༢༠༢༤།༡༠།༢༤ Reuters

ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༤ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་། ཊམཔ་སྲིད་གཞུང་གི་ཨ་རིའི་རྒྱ་ནག་གཞུང་ཚབ་འོས་མི་གྲོས་ཚོགས་འཐུས་མི་ཟུར་པ་ཌེ་ཝིཌ་པར་དུ་ (David Perdue) ལགས་ཀྱིས་རྒྱ་ནག་གིས་བོད་མི་དང་ཡུ་གུར་བ་རྣམས་ལ་བཙན་ཤེད་ངལ་རྩོལ་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་ཨ་རི་ངོས་ནས་མ་དགའ་བའི་རྣམ་འགྱུར་གཙང་མ་སྟོན་དགོས་པ་ལས་མིག་ཙུམ་ནས་སྡོད་མི་རུང་བའི་སྐོར་གསུངས་ཡོད་པར་བོད་མིའི་སྒྲིག་འཛུགས་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྣམས་ཀྱིས་དགའ་བསུ་ཞུ་གི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་ནི་ཨ་རི་གཞུང་གི་རྩ་བའི་དམ་བཅའ་ཞིག་ཆགས་ཡོད་ལ། ལྷག་པར་དུ་བོད་དང་འབྲེལ་ཏེ་རྒྱ་ནག་གཞུང་གིས་སྡུག་རྩུབ་མནར་གཅོད་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དེ་ལ་ཨ་རི་གཞུང་གིས་དེ་སྔ་མིག་བཙུམ་མེད་ལ། མ་འོངས་པར་ཡང་དེ་ལ་འགྱུར་བ་ཐེབས་རྒྱུ་མིན་པ་གསལ་པོ་རེད། ཊམཔ་སྲིད་གཞུང་གི་ངོས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཕྱི་གསལ་ནང་གསལ་ཐོག་གདོང་ལེན་བྱ་རྒྱུ་དེ་ཁྲིམས་ཀྱི་ཐོག་ནས་སྐུ་དབང་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་སོང་།

ཉན་ཞིབ་སྐབས་གྲོས་ཚོགས་མཐུས་མི་ཇེ་ཀི་རོ་སན་ (Jacky Rosen) ལགས་ཀྱིས། བོད་ནང་རྒྱ་གཞུང་གི་དབང་སྒྱུར་འོག་བོད་ཀྱི་ཆོས་དང་རིག་གཞུང་ཐད་དམ་དྲག་ཆེ་ཞིང་། མཐའ་ན་རྒྱ་གཞུང་གིས་བོད་ནང་གི་ཆུ་བོ་ཆེ་ཁག་མཚོན་ཆ་ལྟར་བེད་སྤྱོད་བྱས་ནས་འཛུགས་བསྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་བཞིན་ཡོད་པས། བོད་དེ་རྒྱ་ནག་གི་དྲག་གནོན་ལས་སྲུང་སྐྱོབ་བྱ་དགོས་པའི་བློ་ཚབ་སྟོན་པར། གཞུང་ཚབ་འོས་མི་ཌེ་ཝིཌ་ལགས་ཀྱིས་གནད་དོན་དེར་མོས་མཐུན་དང་སྦྲགས། རྒྱ་གཞུང་གིས་ཕྱི་ལོ་ ༡༩༥༨ ནས་ ༡༩༦༢ བར་མདུན་སྐྱོད་ཆེན་མོའི་ལས་འགུལ་འོག་རྒྱ་མི་ས་ཡ་ ༢༥ ལྷག་རྐྱེན་འདས་སུ་གྱུར་བ་དང་། དེ་རྗེས་ ༡༩༦༦ ནས་ ༡༩༧༦ བར་རིག་གནས་གསར་བརྗེ་སྐབས་ཡང་མི་ས་ཡ་མང་པོ་རྐྱེན་འདས་སུ་གྱུར་ཡོད་པ་བཞིན། ད་ཆ་རྒྱ་གཞུང་གྱིས་འཛུགས་བསྐྲུན་ལས་གཞི་རྒྱ་ཆེན་པོ་སྤེལ་བཞིན་པ་དེ་དག་དེ་མཚུངས་ཡིན་འགྲེལ་བརྗོད་གནང་འདུག

གཞན་ཡང་གྲོས་ཚོགས་གོང་མའི་མཐུས་མི་ཇེཕ་མརྐལེ་ལགས་ཀྱིས་གཞུང་ཚབ་ནི་ཨ་རིའི་སྐུ་ཚབ་མཚོན་གྱི་ཡོད་པས། སྐུ་ཚབ་དེ་ཉིད་ཀྱིས་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་སོགས་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མང་དག་གཏོང་བཞིན་ཡོད་སྟབས། གཞུང་ཚབ་འོས་མི་ཌེ་ཝིཌ་ལགས་ཀྱིས་མི་དགའ་བའི་རྣམ་འགྱུར་གསལ་པོ་བསྟན་པར་བསྔགས་བརྗོད་དང་། ཡོང་འགྱུར་ཚོང་པ་ཆེ་ཁག་གི་གནོན་ཤུགས་འོག་མགོ་མ་སྒུར་བའི་རེ་བ་ཡོད་ཅེས་གསུངས་འདུག

དེ་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས། འོས་མི་ཁོང་རང་གིས་བོད་དོན་དང་ཡུ་གུར་དང་འབྲེལ་ཏེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཁ་མིག་ཙུམ་ནས་བསྡད་ཐུབ་ཐབས་མེད་སྐོར་གསུངས་པར། བོད་མི་རྣམ་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག་གང་ཡིན་ཞེ་ན། ཕྱོགས་གཅིག་ནས་ཨ་མི་རི་ཀ་ནི་ང་ཚོ་བོད་པ་ཙམ་མ་ཟད་འཛམ་གླིང་ནང་དཀའ་ངལ་མྱོང་བཞིན་པའི་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་ལ་རྒྱབ་རྟེན་བཅོལ་ས་ཞིག་ཆགས་བསྡད་ཡོད། ཁོང་གཞུང་ཚབ་གསར་པར་བསྐོས་ཚེ། ཨ་རིས་ད་བར་རྒྱབ་སྐྱོར་བྱས་པ་བཞིན་མུ་མཐུད་རྒྱབ་སྐྱོར་འགན་འཁུར་གནང་རྒྱུ་དང་། དེའི་ཆེད་བོད་མི་ངོས་ནས་འབོད་སྐུལ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་ཉེ་ལམ་ཕྱི་ཟླ་ ༣ ནང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁོ་རུ་བྷིའོ་ (Marco Rubio) ལགས་ཀྱིས་ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་བའི་ཁྲིམས་ཡིག་ (Reciprocal Access to Tibet Act of 2018) ལྟར། ཕྱི་མི་བོད་ཁུལ་དུ་འགྲོ་བསྐྱོད་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་བྱེད་མཁན་ནམ་ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གི་དཔོན་རིགས་རྣམས་ལ་"མཐོང་མཆན་དམ་བསྒྲགས་འཕར་མ་"གཏོང་རྒྱུའི་ཐབས་ལམ་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད། །

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org