དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་རོགས།

ཉི་ཧོང་གྲོས་ཚོགས་ཀྱིས་བོད་མིའི་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་གནང་ཡོང་རྒྱུ་སྤྱི་འཐུས་ཚོས་སྐུལ་མ་གནང་འདུག

སྤྱི་འཐུས་རྣམ་པས་ཉི་ཧོང་ནང་འཚམས་གཟིགས་སྐབས། ༢༠༡༧།༤།༢༦ tibet.net

ཉི་ཧོང་ནང་སྐོར་བསྐྱོད་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་གཟིགས་སྐོར་ཚོགས་པས་ཉི་ཧོང་གྲོས་ཚོགས་ནས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་གནང་ཡོང་བའི་སྐུལ་མ་གནང་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། ཀརྨ་དགེ་ལེགས་ལགས། བསྟན་འཛིན་འཇམ་དབྱངས་ལགས་བཅས་ཉི་ཧོང་ནང་བོད་དོན་ཞུ་གཏོག་སྐོར་བསྐྱོད་དུ་ཕེབས་ཡོད་ཅིང་། ཁོང་རྣམ་པས་ཉི་ཧོང་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་ ༢༣ དང་མཇལ་འཕྲད་གནང་ནས་ཡུལ་དེའི་གྲོས་ཚོགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་གནང་ཡོང་བའི་རེ་འདུན་བཏོན་པ་མ་ཟད། བོད་མིའི་ཤེས་ཡོན་ཐོག་མཐུན་འགྱུར་རོགས་རམ་གང་ཡོང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། མཇལ་འཕྲད་སྐབས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གཙོ་འཛིན་དང་། ཉི་ཧོང་གུ་ཡངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལས་ཚབ་གཅིག་ལྕོག Simomura Hakubun མཆོག་གིས། དེ་སྔ་རྡ་རམ་ས་ལར་ཕེབས་ཏེ་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་པའི་མྱོང་ཚོར་སྐོར་དང་། ཉེ་སྔོན་ཕྱི་ཟླ་༢པའི་ནང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉི་ཧོང་དུ་ཕེབས་སྐབས་ ཁོང་དང་མཇལ་འཕྲད་གནང་ནས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཚགས་ཚུད་ཇི་ལྟར་སྤེལ་དགོས་མིན་ཐད་གོ་བསྡུར་གནང་ཡོད་སྐོར། ལྷག་པར་དུ་བོད་མིའི་ཐུན་མིན་རིག་གཞུང་དེ་དག་གིས་འཛམ་གླིང་ནང་ཞི་བདེ་གོང་སྤེལ་གཏོང་རྒྱུར་ཞབས་འདེགས་སྒྲུབ་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་སྟབས། རིག་གཞུང་དེ་དག་གཅེས་འཛིན་ཆེད་རྒྱབ་སྐྱོར་མུ་མཐུད་དུ་གནང་རྒྱུ་ཡིན་པ་གསུངས་འདུག
དེ་བཞིན་སྤྱི་འཐུས་རྣམ་པས་ཉེ་ཧོང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ།  ཁོང་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཞུས་པ་དང་སྦྲགས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉེ་ཧོང་གྲོས་ཚོགས་ནང་གདན་ཞུ་ཡོང་བའི་འབོད་སྐུལ་ཞུས་གནང་འདུག་ལ། དེ་བཞིན་འབྱུང་འགྱུར་བོད་མིའི་འཐབ་རྩོད་མུ་མཐུད་ཡུན་རིང་སྲ་བརྟན་རྒྱུན་འཁྱོངས་སླད། བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན་སོགས་ལ་མཐུན་འགྱུར་རོགས་རམ་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག གཞན་ཡང་སྤྱི་འཐུས་རྣམ་པས། རྒྱ་ནག་གཞུང་གིས་སྲིད་བྱུས་ཀྱི་རྐྱེན་པས་མཐོ་སྒང་བོད་ཀྱི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་སྐོར་དང་། དེ་བཞིན་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༤༧ ལྷག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ཞི་རྒོལ་རྔམ་སྟོན་བྱས་དང་བྱེད་མུས་ཀྱི་གནས་ལུགས་ངོ་སྤྲོད་ཞུས་ཡོད་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org