དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་དུས་བབ།

བོད་ཀྱི་རྒྱལ་ས་ལྷ་སའི་ནང་དེང་སྐབས་ཡུལ་སྐོར་སྤྲོ་འཆམ་པ་ཉུང་ཤས་དང་གང་སརཉེན་རྟོག་པས་བསྐོར་གཡེངས་བྱེད་མཁན་མཐོང་རྒྱུ་ཡོད་པ་རེད།

༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ནང་ད་ལོ་ཕྱི་ཟླ་གསུམ་པའི་ནང་བྱུང་བའི་བོད་མིའི་སྒེར་ལངས་ཀྱི་ལས་འགུལ་དེའི་རྗེས་དེང་སྐབས་ཉིན་ཤས་ནང་ཕྱིའི་རྣམ་པ་དེ་བཞིན་ཞི་འཇམ་དུ་གྱུར་ཡོད་པའི་མཐོང་ཚུལ་ཡོད་ཀྱང༌། ཡིན་ནའང་ཚོང་ཁང་མང་པོ་སྒོ་མོ་ཕྱེས་མེད་པའི་ཁར་ཡུལ་སྐོར་སྤྲོ་འཆམ་པ་ཡང་ཉུང་ཤས་ལས་མཐོང་རྒྱུ་མེད་པ་དང་། ལྷ་ས་གྲོང་ཁྱེར་ནང་གང་སར་ཉེན་རྟོག་པས་བསྐོར་གཡེངས་བྱེད་མཁན་མཐོང་རྒྱུ་ཡོད་པ་ས་གནས་མི་སེར་གྱིས་གཟའ་པ་སངས་ཉིན་ཕཱ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་འདུག

ཚེས་༢༡གཟའ་སྤེན་པའི་ཉིན་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བསྐོར་བསྐྱོད་དུ་འཁྱེར་གྱི་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨོ་ལིམ་པིག་རྩེད་འགྲན་ལ་དགའ་བསུ་ཞུ་བའི་རྣམ་པ་མཚོན་ཆེད་གྲོང་ཁྱེར་གྱི་རྣམ་པ་དེ་བཞིན་ཞི་བདེ་བརྟན་ལྷིང་ཡོད་པ་ཞིག་མཚོན་ཐབས་བྱེད་ཀྱི་ཡོད་ན་ཡང་། ལྷ་ས་གྲོང་ཁྱེར་ནང་ཉེན་རྟོག་པ་ཕོན་ཆེ་གང་སར་བཀྲམ་ནས་ཛ་དྲག་གི་གནས་སྟངས་ཡོད་མུས་ཡིན་པའི་ཚོར་སྣང་ཤུགས་ཆེ་ཡོད་པ་ས་གནས་མི་སེར་གྱིས་བརྗོད་ཡོད་འདུག ཕཱ་རན་སི་གསར་འགྱུར་བརྒྱུད་ལམ་གྱི་ས་གནས་མི་སེར་ཚོས་བརྗོད་པའི་སྐད་ཆ་ལུངས་འདྲེན་བྱས་ནས་གནས་ཚུལ་སྤེལ་ཡོད་པའི་ནང་། གཟའ་སྤེན་པའི་ཉིན་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བསྐོར་བསྐྱོད་བྱེད་པའི་རིང་ས་གནས་མི་སེར་མང་པོ་ཞིག་དཔལ་འབར་བསྐོར་བསྐྱོད་བྱེད་སར་བསྐྱོད་ཆོག་གི་མེད་པ་མ་ཟད། ལྷ་སའི་ས་ཁུལ་ཁག་ནང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ས་གནས་མི་མང་མང་པོས་བོད་ནང་གི་གནས་སྟངས་སྐོར་གསར་འགོད་པར་སྐད་ཆ་ཤོད་རྒྱུར་ཞེད་སྣང་བྱེད་ཀྱི་ཡོད་པ་འཁོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org