རྒྱ་གར་ནང་ཕྱིའི་ཚོང་ཁང་ཆེ་ཁག་གསར་བཙུགས་ལ་སྐྱོན་བརྗོད།
རྒྱ་གར་དབུས་གཞུང་ནས་ཕྱིའི་རྒྱལ་ཁབ་ཀྱི་ཚོང་ཁང་ཆེ་ཁག་རིགས་རྒྱ་གར་ནང་གསར་བཙུགས་བྱེད་བཅུག་པ་ཡིན་ན་འགྲིགས་ཀྱི་མེད་ལུགས།
-
2011-11-25 -
-
-
༄༅༎རྒྱ་གར་དབུས་གཞུང་ནས་ཕྱིའི་རྒྱལ་ཁབ་ཀྱི་ཚོང་ཁང་ཆེ་ཁག་རིགས་རྒྱ་གར་ནང་གསར་བཙུགས་བྱེད་བཅུག་པ་ཡིན་ན་འགྲིགས་ཀྱི་མེད་ལུགས་སྐྱོན་བརྗོད་བྱེད་རྒྱུ་འགོ་བཙུགས་ཡོད་འདུག
ཉེ་ཆར་རྒྱ་གར་གྱི་བློན་ཆེན་ལྷན་ཚོགས་ནས་ཨ་རིའི་ལྦོལ་མཏ་ཞེས་པའི་ཚོང་ཟོག་འདྲ་མིན་ཡོད་པའི་ཚོང་ཁང་ཆེ་ཁག་དང་། གཞན་ཡང་ཕྱི་རྒྱལ་གྱི་ཚོང་ཁང་ཆེ་ཁག་མང་པོ་ཞིག་རྒྱ་གར་ནང་དུ་ཡན་ལག་འགོ་ཕྱེ་རྒྱུར་ཆོག་ཆན་སྤྲད་ཡོད་པ་རེད། གནད་དོན་དེའི་ཐོག་ད་ལྟའི་ཆར་བློན་ཆེན་ལྷན་ཚོགས་ནས་ཆོག་ཆན་སྤྲད་པ་ཙམ་ལས་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་བརྒྱུད་དགོས་ཀྱི་ཡོད་པར་བརྟེན་ད་ལྟ་གཏན་འཁེལ་མེད་པ་རེད། འོན་ཀྱང་གནད་དོན་འདིའི་ཐོག་ད་ལྟ་ནས་ཕྱོགས་འགལ་ཚོགས་པ་ཚོས་གཞུང་གི་ལངས་ཕྱོགས་དེར་མཐའ་ཅིག་ཏུ་སྐྱོན་བརྗོད་དང་སྦྲགས་འཆར་གཞི་དེ་དག་ལམ་ལྷོང་ཡོང་བཅུག་རྒྱུ་མིན་ལུགས་བཤད་བཞིན་ཡོད་པ་རེད། ལྷག་པར་དུ་རྒྱ་གར་གྱི་བྷི་ཇེ་པི་ཞེས་པའི་ཚོགས་པའི་གནད་ཡོད་ཚོགས་མི་ལྕམ་ཨུ་མ་སྦ་ར་དི་ཞེས་པས། གལ་སྲིད་རྒྱ་གར་དབུས་གཞུང་ནས་སྲིད་བྱུས་འདི་ལག་ལེན་བལྟར་ནས་ལྦོལ་མཏ་ཚོང་ཁང་འགོ་ཕྱེ་པ་ཡིན་ན་ཚོང་ཁང་དེ་ང་རང་རང་གི་ལག་པས་མེར་བསྲེགས་གཏོང་རྒྱུ་ཡིན། དེའི་རྐྱེན་པས་གལ་སྲིད་ང་བཙོན་ཁང་ནང་འགྲོ་དགོས་བྱུང་ཡང་འགྲོ་གི་ཡིན་ཞེས་གཏམ་བཤད་སྤེལ་ནས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཡོད་འདུག
དེ་ཡང་ཁོ་མོས། ཚོང་ཁང་དེ་དག་འགོ་ཕྱེ་རྒྱུ་དེས་ང་ཚོའི་རྒྱལ་ཁབ་ཀྱི་གྲོང་གསེབ་དང་། རིག་དམའ་བའི་མི་མང་ཚོའི་འཚོ་བར་དོ་ཕོག་ཐེབས་ཀྱི་ཡོད་པ་དེ་སྲིད་བློན་མཆོག་ནས་མཁྱེན་དགོས་པའི་གནད་དོན་ཞིག་རེད་ཅེས་གསུངས་འདུག