དབྱིན་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་ངོ་རྒོལ་བྱེད་མཁན་ལ་རུབ་རྡུང་བཏང་འདུག
དབྱིན་ཡུལ་ནང་གི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་ངོ་རྒོལ་བ་ཞིག་ལ་རུབ་རྡུང་བཏང་བའི་གནད་དོན་ཐད་དབྱིན་ཇིའི་ཉེན་རྟོག་པས་ཞིབ་འཇུག་བྱེད་ཀྱི་ཡོད་འདུག
- 2022-10-17
-
-
-
Your browser doesn’t support HTML5 audio
དབྱིན་ཡུལ་ནང་གི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་ངོ་རྒོལ་བ་ཞིག་ལ་རུབ་རྡུང་བཏང་བའི་གནད་དོན་ཐད་དབྱིན་ཇིའི་ཉེན་རྟོག་པས་ཞིབ་འཇུག་བྱེད་ཀྱི་ཡོད་འདུག
དེ་ཡང་ཕྱི་ཚེས་༡༦གཟའ་ཉི་མ་ཉིན། རྒྱ་ནག་དམར་ཤོག་ཏང་གི་ཚོགས་ཆེན་ཐེངས་༢༠པ་དེ་པེ་ཅིང་དུ་འཚོགས་བཞིན་པ་དང་བསྟུན། དབྱིན་ཡུལ་གྱི་(Manchester)་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་ཧོང་ཀོང་གི་རང་དབང་ལས་འགུལ་བས་རྒྱ་ནག་གཞུང་དང་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་བྱས་སྐབས། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཞིག་གཞུང་ཚབ་ཡན་ལག་གི་སྒོ་རའི་ནང་དུ་ཡར་འདྲུད་ནས་ཉུང་མཐར་མི་ལྔས་རུབ་རྡུང་བཏང་ནས་རྨས་སྐྱོན་ཕོག་པའི་བརྙན་ཞིག་དབྱིན་ཇིའི་སྦི་སྦི་སི་(BBC)་གསར་འགྱུར་ལས་ཁང་སོགས་ཀྱིས་སྤེལ་ཡོད་པ་རེད།
ངོ་རྒོལ་གྱི་འཕྲེད་དར་ཞིག་གི་ཐོག་ལྷ་ཡུལ་གྱིས་རྒྱ་ནག་དམར་ཤོགས་ཚོགས་པ་རྩ་མེད་གཏོང་གི་རེད་ཟེར་བ་དང་། སྲིད་འཛིན་ཞི་ཅིན་ཕིང་ལ་ཟུར་ཟའི་རི་མོའི་ཐོག་ནས་མི་དགའ་བའི་རྣམ་འགྱུར་བསྟན་འདུག ད་དུང་བརྙན་དེའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་གི་མི་འགའ་ཞིག་གིས་ལྕགས་ཞྭ་གོན་པ་དང་མདེའུ་འགོག་པའི་སྟོད་ཐུང་གྱོན་ནས་ངོ་རྒོལ་གྱི་འཕྲེད་དར་མར་ཕབ་པ་དང་ངོ་རྒོལ་མཁན་མི་ཅིག་དང་ཁ་རྩོད་ཤོར་སྐབས་ཁོང་ལྕགས་སྒོའི་ནང་དུ་ཡར་འདྲུད་ནས་རུབ་རྡུང་བཏང་ཡོད་པ་དང་། མཐར་ཉེན་རྟོག་པ་ཞིག་གིས་ངོ་རྒོལ་བ་དེ་མར་ཕྱིར་འཐེན་ཐུབ་པ་བྱུང་ཡོད་པ་རེད། བརྙན་དེའི་ནང་མ་མཐར་ཡང་མི་ལྔ་ཙམ་གྱིས་རུབ་རྒྱབ་ནས་ཉེས་རྡུང་གཏང་འདུག
དབྱིན་ཇིའི་གཞུང་འཛིན་གྲོས་ཚོགས་འཐུས་མི་དང་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགོ་འཛིན་(Alicia Kearns)་ཞུ་བས་(twitter)་དྲ་བར་རྒྱ་ནག་དམར་ཤོག་ཚོགས་པས་ངོ་རྒོལ་བར་ཉེས་རྡུང་བཏང་བ་དང་ཁོ་ཚོའི་སྨྲ་བརྗོད་རང་དབང་བཀག་པའི་བྱ་སྤྱོད་དེ་རིགས་དབྱིན་ཇིའི་ས་ཐོག་ཏུ་འཁྱེར་ཡོང་བ་དེ་འགྲིག་གི་མེད་ཅེས་དང་། རྒྱ་ནག་གི་གཞུང་ཚབ་ཆེན་མོ་ངེས་པར་དུ་འབོད་འགུག་གིས། གལ་སྲིད། ཡན་ལག་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ངོ་རྒོལ་བར་ཉེས་རྡུང་བཏང་པ་ཡིན་ན་ཁོང་ཚོ་ངེས་པར་དབྱིན་ཇིའི་ལུང་པ་ནས་ཕྱིར་འབུད་གཏོང་རྒྱུ་དང་ཡང་ན་ཁྲིམས་གཏུག་བྱེད་དགོས་རེད་ཅེས་བརྗོད་འདུག
རང་དབང་ཅན་གྱི་གསར་འགོད་པ་(Matthew Leung)་ཞེས་པ་ཁོང་སྐབས་དེར་གནས་ཚུལ་ལྷག་སའི་ས་གནས་དེར་ཡོད་པ་དང་། ཉེས་རྡུང་ཕོག་མཁན་ངོ་རྒོལ་བ་དེ་ཡང་ཁོང་གིས་གྲོགས་པོ་ཞིག་ཡིན་པ་མཐོང་དུས་ཧོན་ཐོར་བྱུང་ཞེས་གསུང་འདུག ཉེས་རྡུང་ཕོག་མཁན་ངོ་རྒོལ་བ་ཁོང་ནི་ཉེ་ལམ་ཧོང་ཀོང་ནས་དབྱིན་ཡུལ་དུ་གཞིས་སྤོས་གནང་པ་ཞིག་དང་། རུབ་རྡུང་བྱས་ནས་ཁོང་གི་གདོང་ལ་རྨས་སྐྱོན་ཕོག་ཡོད་པའི་རྐྱེན་གྱིས་སྨན་ཁང་དུ་སྨན་བཅོས་ཆེད་ཁྲིད་འདུག
དེའི་ཐད་དབྱིན་ཇིའི་སྲིད་བློན་(Liz Truss)་ཡི་མགྲིན་ཚབ་པ་ཞིག་གིས་ངོ་རྒོལ་བར་ཉེས་རྡུང་བཏང་པའི་གནས་ཚུལ་དེ་ཧ་ཅང་གིས་བློ་འཚབ་བྱེད་ཡུལ་ཞིག་རེད། འབྲེལ་ཡོད་ཉེན་རྟོག་པས་དེའི་སྐོར་ཞིབ་འཇུག་བྱེད་བཞིན་པ་གསུང་འདུག
བོད་རང་དབང་ལས་འགུལ་ཚོགས་པས་ཕྱིར་བསྒྲགས་ཤིག་སྤེལ་བའི་ནང་། ཧོང་ཀོང་དམངས་གཙོ་དོན་གཉེར་བ་ཞིག་གིས་ཞི་བའི་ངོ་རྒོལ་སྤེལ་བའི་སྐབས་སུ་རྒྱ་ནག་གི་གཞུང་ཚབ་ཡན་ལག་གི་སྒོ་རའི་ནང་འདྲུད་ནས་རུབ་རྡུང་བཏང་བའི་གྱོད་གཞི་དེར་ང་ཚོས་གདུང་སེམས་མཉམ་སྐྱེས་བྱེད་བཞིན་ཡོད། དབྱིན་ཇིའི་ལུང་པའི་ནང་ངོ་རྒོལ་བྱེད་ཆོག་པ་དེ་རྒྱ་ནག་ནང་དང་མི་འདྲ་བར་མི་ཚོའི་ཁྲིམས་མཐུན་གྱི་ཐོབ་ཐང་ཞིག་ཡིན་པས། ཚབས་ཆེན་གྱི་གནད་དོན་དེ་དབྱིན་ཇི་གཞུང་གིས་ཐག་གཅོད་ནན་པོ་ཞིག་མ་གནང་ཐབས་མེད་རེད་ཅེས་བཀོད་འདུག ད་དུང་བོད་རང་དབང་ལས་འགུལ་ཚོགས་པའི་གཙོ་འཛིན་(Sam Walton)་ལགས་ཀྱིས། རྒྱ་ནག་གཞུང་གི་ཁྲམ་པའི་བྱ་སྤྱོད་སྤེལ་མཁན་དེ་དག་གིས་དབྱིན་ཇིའི་ནང་དུ་ཁྲིམས་མཐུན་གནས་སྡོད་པ་དང་། མི་སེར་ཚོར་དཀའ་ངལ་འཕྲད་མུས་རེད། དེར་བརྟེན་དབྱིན་ཇིའི་ནང་སྲིད་བློན་ཆེན་གྱིས་ངེས་པར་དུ་རྒྱ་ནག་གི་རྩུབ་སྤྱོད་དེ་རིགས་ལ་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བྱེད་དགོས་པ་གསུང་འདུག
གཞན་དབྱིན་ཡུལ་ནང་གི་བོད་རིགས་སྤྱི་འཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། དབྱིན་ཇིའི་ལུང་པ་ནི་ཁྲིམས་ཡོད་པ་དང་རང་དབང་ཡོད་པའི་ལུང་པ་ཡིན། དེ་བས་མི་མང་ལ་སྐད་འབོད་ངོ་རྒོལ་གྱི་རང་དབང་ཐོབ་ཐང་ཡོད། དེ་བས་རྒྱ་ནག་གཞུང་ཚབ་ཀྱི་རྭ་སྐོར་ནང་ངོ་རྒོལ་བར་རུབ་རྡུང་བཏང་བ་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་རེད། དེ་བས་དབྱིན་ཇི་གཞུང་གིས་ཞིབ་འཇུག་མཐར་ཕྱིན་པ་གནང་དགོས་བའི་འབོད་སྐུལ་བྱས་ཡོད་པ་བརྗོད་བྱུང་།
གཞན་ཁོང་གིས་བོད་པ་དང་ཡུ་གུར། ཧོང་ཀོང་སོགས་རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་ཡོད་པ་ཚོར་སྨྲ་བརྗོད་རང་དབང་མེད་པ་དང་། ཕྱི་ཕྱོགས་རྒྱལ་ཁབ་འདྲ་མིན་ནང་གནས་སྡོད་བྱེད་མཁན་ཚོ་ཡང་འཇིགས་སྐྲག་འོག་གནས་ཡོད་པས་དབྱིན་ཇི་གཞུང་གིས་ཁོང་ཚོའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་དེ་གནད་དོན་གལ་ཆེན་ཞིག་རེད་ཅེས་བརྗོད་འདུག
གསར་འགོད་པ། ཚེ་བརྟན་རྡོ་རྗེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།