རྒྱ་ནག་གཞུང་གིས་དུག་ལྔ་ཟེར་བ་རྩ་མེད་བཟོ་ཐབས་ཀྱི་ལས་དོན་འདྲ་མིན་སྤེལ་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་བོད་དང་ཐེ་ཝན་ཡུ་གུར་སོགས་དུག་ལྔ་ལ་ངོས་འཛིན་གྱིས་དེ་དག་རྩ་མེད་བཟོ་ཐབས་ཀྱི་ལས་དོན་འདྲ་མིན་སྤེལ་བཞིན་ཡོད་འདུག
- 2023-08-04
-
-
-
Your browser doesn’t support HTML5 audio
དེ་ཡང་དབྱིན་ཇིའི་གྲོས་ཚོགས་ཀྱི་གསང་བའི་ལས་དོན་ལྟ་ཞིབ་ཚོགས་ཆུང་གིས་ཟླ་བདུན་པའི་ཚེས་༡༣ཉིན་དབྱིན་ཡུལ་གྱི་གྲོས་ཚོགས་ལ་རྒྱ་ནག་གཞུང་གིས་གསང་བའི་ལས་དོན་སྤེལ་ཕྱོགས་གསལ་སྟོན་བྱེད་པའི་སྙན་ཐོ་ཤོག་གྲངས་༢༠༧ཅན་ཞིག་ཉིན་ཤས་གོང་གོང་འབུལ་གནང་འདུག་པའི་ནང་། རྒྱ་ནག་གཞུང་ནི་འཛམ་གླིང་ནང་གི་གསང་འཕྲིན་ཡོ་ཆས་ཕྱུག་ཤོས་ཀྱི་བདག་པོ་ཡིན་པ་ངོས་འཛིན་ཆོག་པ་དང་། ཉེན་རྟོག་པ་ཁྲི་མང་པོས་དམག་དོན་ལས་ཁུངས་གསུམ་གྱི་ནང་ལས་ཀ་བྱེད་བཞིན་ཡོད་པ་སོགས་བཀོད་འདུག
སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གི་ལས་འགུལ་ལས་དོན་དེ་དག་གི་དམིགས་ཡུལ་གལ་ཆེ་ཤོས་ནི། རྒྱ་ནག་དམར་ཤོག་ཚོགས་པར་འགོག་རྐྱེན་བཟོ་མཁན་དུག་ལྔ་ལ་ངོས་འཛིན་བྱེད་བཞིན་པ་ཐེ་ཝན་རང་བཙན་དང་། བོད་རང་བཙན། ཤིན་ཅང་གི་ཁ་བྲལ་རིང་ལུགས་པ། ཧྥ་ལུང་ཀོང་རྩ་རླུང་སྒོམ་སྒྲུབ་ཚོགས་པ། རྒྱ་རིགས་དམངས་གཙོ་ལས་འགུལ་བ་བཅས་པར་གདོང་ལེན་གྱིས་རྩ་མེད་བཟོ་རྒྱུ་དེ་ཡིན་པ་གསལ་སྟོན་བྱས་འདུག་ལ། དུག་ལྔ་ལ་ངོས་འཛིན་བྱས་བ་དེ་དག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཉེན་ཁ་གཙོ་བོ་བཟོ་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག་ལ། རྒྱ་ནག་གཞུང་ལ་གཞན་ནས་སྐྱོན་བརྗོད་ཡོང་གཞིའི་གནད་དོན་གྱི་འགག་རྩའི་ཁྲོད་བོད་ཚུད་ཡོད་པ་དང་། བོད་ཀྱི་གནད་དོན་དང་གཞན་ཚོར་བ་རྣོ་བའི་གནད་དོན་དང་གནས་ཚུལ་ཁག་བཀག་འགོག་བྱ་ཐབས་བྱེད་ཀྱི་ཡོད་པ་སྙན་ཐོའི་ནང་བཀོད་འདུག
དེའི་ཐད་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་དབྱིན་ཇིའི་གྲོས་ཚོགས་ཀྱི་གསང་བའི་ལས་དོན་ལྟ་ཞིབ་ཚོགས་ཆུང་གིས་བཏོན་པའི་སྙན་ཐོ་དེ་བརྒྱུད་རྒྱ་ནག་གི་ལས་དོན་བྱེད་ཕྱོགས་ལ་རྒྱལ་ཁབ་གཞན་ཁག་གིས་དྭོགས་ཟོན་བྱེད་དགོས་བའི་ཉེན་བརྡ་གསལ་བོ་བཏང་འདུག་ཅེས་དབྱེ་ཞིབ་གནང་བྱུང་།
གཞན་དེའི་ཐད་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཀུན་དགའ་ལགས་ཀྱིས། ད་རེས་སྙན་ཐོ་དེ་ཐོན་པ་དང་དབྱིན་ཡུལ་ལ་ཆ་མཚོན་ན་གསར་ལམ་ཁག་དང་མང་ཚོགས་ཁྲོད་གཙོ་བོ་རྒྱ་ནག་རྒྱལ་ཁབ་དེ་བཞིན་དབྱིན་ཡུལ་ལ་ཕྱོགས་གང་ཐད་ནས་ཉེན་ཁ་ཆེན་པོ་ཡིན་པ་དང་། དབྱིན་ཡུལ་གཞུང་གི་ངོས་ནས་དེ་ལ་ཁ་གཏད་ཆེད་སྲིད་ཇུས་གསལ་བོ་དང་མཁྲེགས་པོ་འཛིན་དགོས་བའི་བསམ་ཚུལ་ཤུགས་ཆེ་བཏོན་ཡོད་པ་གསུངས་བྱུང་།
གོང་བརྗོད་སྙན་ཐོ་དེའི་ནང་ད་དུང་། རྒྱ་ནག་གཞུང་གིས་ཆེད་ལས་གསང་ཉུལ་བ་དང་། མི་མང་། ཚོང་པ་དང་སློབ་ཕྲུག་སོགས་འདྲ་མིན་གསང་བའི་ལས་དོན་ཆེད་འགྲོ་སོང་བཏང་ནས་བེད་སྤྱོད་ཀྱིས། ཨ་རི་དང་དབྱིན་ཡུལ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་གདོང་ལེན་བྱེད་ཐབས་བྱེད་བཞིན་པའི་གནས་སྟངས་དེས་རྒྱལ་ཁབ་གཞན་ལ་ཉེན་ཁ་ཡོད་པ་གསལ་སྟོན་བྱས་འདུག
དེའི་སྔོན་སྤྱི་ཟླ་ལྔ་བའི་ནང་སྙན་ཐོ་དེ་དབྱིན་ཡུལ་གྱི་སྲིད་བློན་(Rishi Sunak)་ལགས་སུ་སྤྱན་འབུལ་ཞུས་སྐབས། ཁོང་གིས་གསར་འགོད་པ་ཚོར། གནས་ཚུལ་མང་པོ་ཞིག་དབྱིན་ཡུལ་གྱི་ཕྱི་འབྲེལ་སྲིད་ཇུས་འཆར་གཞི་རྒྱས་བོ་གཏན་འབེབས་མ་བྱས་བའི་སྔོན་ལ་ཐོན་པ་ཡིན་པས། ད་ནི་སྙན་ཐོའི་གྲུབ་དོན་ཁག་དང་འབྲེལ་རྒྱ་ནག་ལ་སྲིད་ཇུས་འཛིན་སྟངས་ནན་པོ་དང་སྲ་བརྟན་བཟོ་རྒྱུ་ཡིན་པ་གསུངས་ཡོད་འདུག
གསར་འགོད་པ། སྒྲོལ་མ་ལྷ་མོ། ཆོས་སྐྱིད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།