ལྦར་ཇི་ནི་ཡའི་མཐོ་སློབ་དུ་བོད་ཀྱི་ལྟེ་གནས་ཁང་གསར་བཙུགས།

ཨ་རིའི་མངའ་སྡེ་ལྦར་ཇི་ནི་ཡའི་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ནང་བོད་ཀྱི་ལྟེ་གནས་ཁང་ཞིག་དངོས་སུ་གསར་འཛུགས་གནང་འདུག

༄༅༎ཨ་རིའི་མངའ་སྡེ་ལྦར་ཇི་ནི་ཡའི་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ནང་བོད་ཀྱི་ལྟེ་གནས་ཁང་ཞིག་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་དངོས་སུ་གསར་འཛུགས་གནང་འདུག

བོད་ཀྱི་ལྟེ་གནས་ཁང་དེས་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་བོད་མིའི་སྤྱི་ཚོགས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དར་འཕེལ་གཏང་རྒྱུ་ཙམ་མ་ཡིན་པར་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་གཙོས་པའི་བོད་ཀྱི་གནད་དོན་སྐོར་དོན་ཕན་ལྡན་པའི་དཔྱད་ཞིབ་བྱ་རྒྱུའི་སྡིང་ཆ་ཞིག་བསྐྲུན་རྒྱུ་ཡིན་པ་རེད། ཕྱི་ལོ་༡༩༦༠རེ་གྲངས་ནང་ནས་བཟུང་ལྦར་ཇི་ནི་ཡའི་མཐོ་སློབ་དེའི་ནང་བོད་བརྒྱུད་ནང་ཆོས་ཚད་མཐོའི་ཤེས་ཡོན་དགོངས་སྤེལ་གནང་ས་ཞིག་ཡིན་པ་མ་ཟད་ཕྱི་ལོ་༡༩༧༩ནས་༡༩༨༩བར་༸གོང་ས་མཆོག་གི་གསུང་བསྒྱུར་ཡིན་པ་སློབ་དཔོན་ཇེཕ་རི་ཧོབ་ཀིན་སི་ལགས་ཀྱིས་ཕྱི་ལོ་༡༩༧༠འགོ་སྟོད་དུ་ནང་ཆོས་སློབ་གཉེར་གནང་རྒྱུའི་སློབ་གཉེར་ལས་གཞི་གཞི་རྒྱ་ཆེ་ལ་ཆེས་སྙན་གྲགས་ལྡན་པ་ཞིག་གསར་བཙུགས་གནང་འདུག དེ་ནས་ཕྱི་ལོ་༡༩༩༨ལོར་མཐོ་སློབ་དེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྷན་ཚོགས་ཆེན་པོ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། ལྟེ་གནས་ཁང་དེའི་ཟུང་འབྲེལ་འགན་འཛིན་ཇར་མ་ནོ་ཡིས་ཕྱི་ལོ་༡༩༩༠གོ་གྲངས་ནང་མཐོ་སློབ་དེའི་དཔེ་མཛོད་དང་མཉམ་འབྲེལ་གནང་སྟེ་བོད་དང་ཧི་མ་ལ་ཡའི་དཔེ་མཛོད་ཁང་ཞིག་གསར་བཙུགས་གནང་བ་དང་དཔེ་མཛོད་དེའི་ནང་བོད་དང་འབྲེལ་ཡོད་ཀྱི་འདྲ་པར་བརྙན་པར་དང་བོད་དོན་ཞིབ་འཇུག་གནང་མཁན་ཚོས་སྤེལ་བའི་ཡིག་ཆ་ཞལ་འདེབས་ཕུལ་བ་མང་པོ་ཡོད་འདུག བོད་ཀྱི་ལྟེ་གནས་དེའི་འགན་འཛིན་ནི་བཀྲིས་རབ་རྒྱས་ལགས་དང་ཌེ་ལྦི་ཌི་ཇར་མ་ནོ་གཉིས་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org