བོད་རང་བཙན་སློབ་ཕྲུག་ཚོགས་མི་དྲུག་བཀག་ཉར་བྱས་དོན་སྐོར།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དྲུག་གིས་བོད་རང་བཙན་སྐད་འབོད་བྱས་པའི་རྐྱེན་གྱིས་ཉེན་རྟོག་པས་འཇུ་བཟུང་བྱས་འདུག

༄༅༎རྒྱ་ནག་གཞུང་གིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དྲུག་གིས་གཟའ་མིག་དམར་ཉིན་ཨོ་ལིམ་པིག་རྩེད་འགྲན་གྱི་ཉེ་འགྲམ་དུ་བོད་རང་བཙན་གྱི་འཕྲེད་དར་དང་བོད་ཀྱི་རྒྱལ་དར་འཕྱར་ནས་བོད་རང་བཙན་སྐད་འབོད་བྱས་པའི་རྐྱེན་གྱིས་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་ནས་ གཟའ་ཕུར་བུའི་ཉིན་ཁོང་ཚོ་མི་དྲུག་དུས་ཡུན་ཉིན་གྲངས་བཅུའི་རིང་བཀག་ཉར་བྱ་རྒྱུ་ཕྱིར་བསྒྲགས་བྱས་ཡོད་པའི་གནད་དོན་ཐོག་ དེ་རིང་གཟའ་པ་སངས་ཉིན་ཨ་རི་གཞུང་གིས་རྒྱ་ནག་གཞུང་དང་ལྷན་དུ་བཀའ་མོལ་གནང་བཞིན་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད། པེ་ཅིང་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་མ་ སུ་ཛན་སི་ཊི་ལྦེན་སེན་ གྱིས་ང་ཚོས་རྒྱ་ནག་གཞུང་ཕྱོགས་དང་འབྲེལ་བ་བྱས་ནས་གནས་ཚུལ་དེ་བདེན་པ་ཡིན་མིན་ར་འཕྲོད་བྱེད་བཞིན་ཡོད་པ་དང༌། ཨ་རི་དང་རྒྱ་ནག་དབར་གྱི་རྒྱལ་ཁབ་གཉིས་ཀྱི་མི་སེར་ཡུལ་གྲུ་སོ་སོའི་ནང་བཀག་ཉར་བྱེད་ཡས་ཀྱི་དུས་ཚོད་གྲོས་མཐུན་གཞིར་བཟུང་བྱས་ན། ཨ་རིའི་མི་སེར་དེ་དག་མགྱོགས་མྱུར་གློད་བཀྲོལ་གཏོང་རྒྱུ་དང་འབྲེལ་རྒྱ་ནག་གཞུང་གིས་ཁས་ལེན་བྱས་པ་བཞིན་སྨྲ་བརྗོད་རང་དབང་དང་ ཆོས་ལུགས་རང་དབང་ དེ་བཞིན་རང་ཉིད་ཀྱི་བསམ་ཚུལ་ཞི་བའི་ངོ་རྒོལ་གྱི་ཐབས་ལམ་ཐོག་ནས་བཏོན་རྒྱུའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་གནང་རྒྱུའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུང་བཞག བོད་རང་དབང་སློབ་ཕྲུག་ཚོགས་པས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཚུགས་པ་ནས་བཟུང་རྣམ་པ་འདྲ་མིན་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་ཐེངས་མང་སྤེལ་ཡོད་པའི་ནང་ནས་ད་རེས་ཕྱི་རྒྱལ་གྱི་ངོ་རྒོལ་བ་འཛིན་བཟུང་བཀག་ཉར་བྱེད་ཡས་ཐོག་མ་དེ་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org