ཨ་རིས་རྒྱ་བོད་གྲོས་མོལ་བསྐྱར་གསོ་གནང་དགོས་པའི་འབོད་སྐུལ།

ཨ་མི་རི་ཀས་རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་འབོད་སྐུལ་གནང་བ།

༄༅༎ཨ་མི་རི་ཀས་རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་འདུག
རེས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་ནང་གི་རྒྱ་ནག་གི་གནད་དོན་རྟོག་ཞིབ་ཚོགས་ཆུང་ནས་ལོ་འཁོར་སྙན་ཐོ་བཏོན་ཡོད་པའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཉེ་ཆར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་དབང་འདོར་གནང་བ་དེས། རྒྱ་ནག་གུང་བྲན་སྲིད་གཞུང་དང་། ཚོགས་པ་གཉིས་ནས་ཁོང་ལ་ཆབ་སྲིད་ཀྱི་མི་སྣ་ཡིན་པར་ངོས་འཛིན་བྱེད་བཞིན་པ་དེ་མེད་པ་ཆགས་ཀྱི་ཡོད་དུས། ད་ཆ་རྒྱ་ནག་གཞུང་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཡོང་ཐབས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། ཡང་ན་ཁོང་གི་སྐུ་ཚབ་དང་ལྷན་དུ་དོན་དམ་པའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
ཡང་གོང་ཞུས་སྙན་ཐོའི་ནང་། བོད་ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཡོང་བཞིན་པའི་གནས་སྟངས་ལུང་འདྲེན་བྱེད་པ་དང་། ཆབས་ཅིག་རྒྱ་ནག་གཞུང་ནས་དཔལ་འབྱོར་དང་། འཕྲུལ་ལས་ཡར་རྒྱས་གཏོང་བཞིན་ཡོད་ཀྱང་དེས་འགྲོ་བ་མིའི་ཐོབ་ཐང་དང། ཁྲིམས་ལ་སྲུང་བརྩི་ཞུ་རྒྱུར་ཕན་ཐོག་གང་ཡང་ཡོང་གི་མེད་པའི་ཁར་བོད་མི་དང་། ཡུ་གུར་མི་རིགས་གཙོས་གྲངས་ཉུང་མི་རིགས་ཚོའི་ཆོས་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་སྤེལ་གྱི་ཡོད་རེད་ཅེས་སྐྱོན་བརྗོད་ཀྱང་གནང་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་ཐོག་ནས་ཀྱང་རྒྱ་ནག་གཞུང་གི་མུ་མཐུད་ནས་བོད་ནང་གི་བོད་མི་ཚོའི་ཐོག་དམ་དྲག་ཇེ་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་པ་དེར་ཐུགས་སྣང་གནང་དགོས་པ་དང་། བྱ་སྤྱོད་དེ་དག་ནི་རྒྱལ་སྤྱིའི་སྤྱི་མང་དང་། ཆབ་སྲིད་ཀྱི་གཞི་རྩའི་ཁྲིམས་གཞི་དང་ཡང་འགལ་གྱི་ཡོད་རེད་ཅེས་གསུངས་ཡོད་པ་བཅས་གང་ལྟར་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་དེར་མཐའ་ཅིག་ངོ་རྒོལ་གྱི་རྣམ་པ་བསྟན་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org