རྒྱ་ནག་གི་སྲིད་འཛིན་གཞོན་པ་ཨ་རིར་འཚམས་འདྲི།
2012.02.08
༄༅༎རྒྱ་ནག་གི་མི་རབས་ལྔ་པའི་འགོ་ཁྲིད་དུ་ངེས་པའི་ད་ལྟའི་སྲིད་འཛིན་གཞོན་པ་ཤི་ཅིང་ཕིང་གཟའ་འཁོར་རྗེས་མའི་ནང་ཨ་མི་རི་ཀར་འཚམས་འདྲིར་ཡོང་གི་ཡོད་པ་དང༌། དེ་སྔ་༡༩༨༥ ལོར་ཨ་རིར་ཕག་པ་གསོ་སྐྱོང་བྱེད་ཐབས་ཀྱི་ལག་རྩལ་སློབ་སྦྱོང་བྱེད་དུ་ཡོང་མྱོང་ཡོད་ཀྱང་ད་རེས་བསྐྱར་དུ་ཨ་རིར་འཚམས་འདྲིར་ཡོང་རྒྱུ་ཡིན་པ་དེ་ནི་མ་འོངས་པར་རྒྱ་ནག་རྒྱལ་ཁབ་ཀྱི་འགོ་ཁྲིད་བྱ་རྒྱུའི་གྲ་སྒྲིག་ཆེད་དུ་ཡིན་པའི་སྐོར་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་གིས་སྲིད་འཛིན་ཧུ་ཇིན་ཐའོ་གྱི་ཤུལ་འཛིན་པ་ཞིག་ཏུ་འགྱུར་ཏེ་ཕྱི་ལོ་༡༢༡༣ ལོར་སྲིད་འཛིན་དུ་ངེས་པ་ཡིན་ཞིང༌། གཟའ་འཁོར་རྗེས་མའི་ནང་ཨ་རིའི་འཚམས་འདྲི་དེའི་སྐབས་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་དང་དེ་མིན་གྱི་དབུ་ཁྲིད་ཁག་ཅིག་དང་མཇལ་འཕྲད་ཞུ་རྒྱུ་མ་ཟད། ཨ་རིའི་མི་དམངས་ཚོར་མ་འོངས་པའི་རྒྱ་ནག་གི་སྲིད་འཛིན་ཡིན་པ་ངོ་སྤྲོད་བྱ་རྒྱུ་ཡིན་པ་རེད།
ལོ་༥༨ ཡིན་པའི་ཤི་ཅིན་ཕིང་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྙོགས་ཁྲའི་ལས་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་ནི། རྒྱལ་སྤྱིའི་དཔལ་འབྱོར་འགན་ལེན་མེད་པ་དང༌། རང་འབྱུང་གི་ཐོན་ཁུངས་དཀོན་པ། ཁོར་ཡུག་གི་དཀའ་རྙོགས། སྤྱི་ཚོགས་བརྟན་ལྷིང་མེད་པ་མ་ཟད། དེའི་ནང་ནས་དམིགས་བསལ་རྒྱ་ནག་གི་ནུབ་ཕྱོགས་བོད་དང་ཤིང་ཅང་མངའ་ཁུལ་གྱི་ནང་ས་གནས་ཡུལ་མིར་རང་དབང་མེད་པའི་ངོ་རྒོལ་ཡང་ཡང་བྱེད་པ་སོགས་ཀྱི་དཀའ་ངལ་དག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཤི་ཅིན་ཕིང་གི་ཨ་རིའི་འཚམས་འདྲི་དེའི་སྐབས་ཕྱི་ཟླ་གཉིས་པའི་ཚེས་༡༤ ཉིན་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཨོ་སྦ་མ་དང་མཇལ་འཕྲད་ཞུ་སྐབས། ཤི་ཅིན་ཕིང་ཕྱོགས་ནས་ཨ་རི་དང་རྒྱ་ནག་དབར་འབྲེལ་མཚམས་རེ་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་མིན་ལ་མ་ལྟོས་པར། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་མུ་མཐུད་བཟང་པོར་གནས་རྒྱུའི་རྣམ་འགྱུར་སྟོན་རྒྱུ་ཡིན་པ་དང༌། གནས་ཚུལ་དབྱེ་ཞིབ་པས། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་བཟང་དུ་གཏོང་རྒྱུ་དེ་ནི། རྒྱ་ནག་རྒྱལ་སྤྱིའི་ཐོག་ཆེ་མཐོང་དགོས་པ་དང༌། གཉིས་ནས་མ་འོངས་པའི་རྒྱ་ནག་གི་སྲིད་འཛིན་རྒྱལ་སྤྱིའི་ཐོག་མིང་ཐོན་ཡོང་བའི་མཚོན་རྟགས་ཡིན་པར་ངོས་འཛིན་གནང་གི་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།