འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བཀའ་མོལ་གནང་འཆར།
རྒྱ་ནག་གི་སྲིད་འཛིན་མཆོག་ཨ་རིའི་ནང་ཕེབས་པའི་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བཀའ་མོལ་གནང་རྒྱུའི་འཆར་གཞི་ཡོད་ལུགས།
-
2011-01-13 -
-
-
༄༅༎རྒྱ་ནག་གི་སྲིད་འཛིན་མཆོག་ཨ་རིའི་ནང་ཕེབས་པའི་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བཀའ་མོལ་གནང་རྒྱུའི་འཆར་གཞི་ཡོད་ལུགས་ཨ་རིའི་འབྲེལ་ཡོད་ལས་ཁུངས་ནས་འགྲེལ་བརྗོད་གནང་ཡོད་པའི་གནས་ཚུལ་འདུག
སྲིད་འཛིན་ཧུ་ཇིན་ཏོ་མཆོག་འདི་ཟླའི་ཚེས་བཅོ་བརྒྱད་ནས་བཟུང་ཉིན་གྲངས་གསུམ་རིང་ཨ་མི་རི་ཀའི་ནང་འཚམས་འདྲི་གཟིགས་བསྐོར་ཕེབས་ཀྱི་ཡོད་པ་དང་། ཡུལ་གཉིས་ཀྱི་དབུ་འཁྲིད་རྣམ་གཉིས་མཇལ་འཕྲད་གནང་བའི་སྐབས་བློ་འཚབ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་དངུལ་འཛའ་ཐང་གི་གནད་དོན་སོགས་ཀྱི་སྐོར་བཀའ་མོལ་གནང་འཆར་ཡོད་ལུགས་ཨ་རིའི་བདེ་སྲུང་ལས་དོན་ལྷན་ཚོགས་ཀྱི་མགྲིན་ཚབ་པ་མ་ཡེཀ་ཧེ་མར་ནས་དེ་རིང་ཕྱི་རྒྱལ་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡོད་འདུག་ ཁོང་གིས། ང་ཚོས་རྒྱ་ནག་རྒྱལ་སྤྱིའི་ནང་སྟོབས་ཆེ་རུ་འགྲོ་གི་ཡོད་པ་དེར་དགའ་བསུ་ཞུ་གི་ཡོད་ལ་ཨེ་ཤ་ཡའི་རྒྱལ་ཁབ་དཔེར་ན་ཉི་ཧོང་དང་ཀོ་རི་ཡ་གཉིས་དང་འབྲེལ་བ་ཡག་པོ་ཡོད་པ་ནང་བཞིན་རྒྱ་ནག་མཉམ་དུའང་འབྲེལ་བ་བཟང་དུ་གཏོང་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད། ཉེ་ཆར་རང་བདེ་སྲུང་དྲུང་ཆེ་རོ་བདྲ་གེཏ་སེ་མཆོག་རྒྱ་ནག་ལ་ཕེབས་པས་མ་ཟད་དམག་དོན་ཚན་པའི་འབྲེལ་ཡོད་ཚོ་དང་མཉམ་ཟུང་འབྲེལ་གྱི་ལས་དོན་སྤེལ་ཐབས་སུ་གྲོས་མོལ་ཡག་པོ་བྱུང་ཡོད་རེད་ཅེས་ལུང་འདྲེན་གནང་ཡོད་པ་རེད། འོན་ཀྱང་དེ་དང་ཆབས་ཅིག་ཁོང་གིས། རྒྱ་ནག་ངོས་ནས་ཀྱང་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི་དང་མཐུན་པའི་ཐོག་ནས་འགྲོ་དགོས་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་སྟབས་དཔོན་རིགས་གཉིས་དབར་མཇལ་འཕྲད་གནང་བའི་སྐབས་ཐུན་མོང་གི་མོས་མཐུན་ཡོད་དང་མེད་གཉིས་ཀའི་གནད་དོན་ཐོག་བཀའ་མོལ་གནང་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་གནང་བའི་ཁོངས་སུ་སེམས་འཚབ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། དེ་བཞིན་དངུལ་འཛའ་བསྒྱུར་གྱི་གནད་དོན་བཅས་ཀྱི་ཐོག་ལའང་བཀའ་བསྡུར་གནང་རྒྱུ་ཡིན་ལུགས་གསུངས་འདུག རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏོ་མཆོག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་འདི་ཚེས་བཅོ་བརྒྱད་དང་བཅུ་དགུ་ཉིན་གཉིས་རིང་མཛད་འཆར་ཡོད་པ་རེད།