༸གོང་ས་མཆོག་ལ་སྐུ་མགྲོན་གྱི་མཐུན་འགྱུར་ཕུལ་བར་དགའ་བསུ།

རྒྱ་གར་གཞུང་གིས་༧གོང་ས་མཆོག་ལ་ད་བར་ཆེས་མཐོའི་སྐུ་མགྲོན་གྱི་མཐུན་འགྱུར་ཕུལ་བཞིན་པར་ཨ་མི་རི་ཀས་ཐུགས་རྗེ་ཆེ་ཞུས་གནང་འདུག

༄༅༎རྒྱ་གར་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ད་བར་ཆེས་མཐོའི་སྐུ་མགྲོན་གྱི་མཐུན་འགྱུར་ཕུལ་བཞིན་པར་ཨ་མི་རི་ཀས་ཐུགས་རྗེ་ཆེ་ཞུས་གནང་འདུག།

དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལི་སི་མཆོག་གིས་དེང་སྐབས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངག་མཆོག་ལ་ རྒྱ་གར་གཞུང་གི་ངོས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ད་བར་སྣེ་ལེན་བཀུར་བསྟི་ཞུ་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་པ་དང་སྦྲགས་ རྒྱ་གར་ནི་ལྟ་གྲུབ་ཀྱི་རིན་ཐང་གཞི་ལ་བཞག་པའི་ཡུལ་གྲུ་ཞིག་ཡིན་པ་གསུངས་ཡོད་པ་རེད།

རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངག་མཆོག་ནི་ཨ་མི་རི་ཀའི་རྒྱལ་ཁབ་ཀྱི་སྐུ་མགྲོན་གྱི་ངོ་བོའི་ཐོག་ནས་རྒྱལ་ས་ཝ་ཤིང་ཊོན་དུ་ཆེད་ཕེབས་གནང་ཡོད་པ་དང་གཟའ་ཟླ་བའི་ཉིན་ཨ་རིའི་གྲོས་ཚོགས་སུ་གདན་ཞུས་ལྟར་འཚམས་གཟིགས་གནང་ཞིང་ སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་ ཨ་རིའི་ནང་གི་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་བྱ་སྤྱོད་རྩ་མེད་བཟོ་ཐབས་གནང་མཁན་གྱི་འཐབ་རྩོད་པ་གྲགས་ཅན་མཁས་དབང་ མར་ཊཱིན་ལུ་ཐར་ཀིང་ནས་ད་བར་གྱི་ཨ་མི་རི་ཀའི་མི་རབས་རིམ་པར་བདག་ཉིད་ཆེན་པོ་གྷན་དྷིའི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཤུགས་རྐྱེན་ཆེན་པོ་བྱུང་ཡོད་པ་གསལ་བཤད་ཀྱང་གནང་ཞིང་ ཚོགས་གཙོ་ལྕམ་པེ་ལི་སིས་སྲིད་བློན་མན་མོ་ཧན་སིངག་མཆོག་ཨ་རིར་སླར་ཡང་ཆེད་ཕེབས་ཀྱིས་ཨ་རིའི་ཚང་འཛོམས་གྲོས་ཚོགས་ཐོག་གསུང་བཤད་གནང་སྐྱོང་ཡོང་བའི་རེ་འདུན་ཡང་བཏོན་གནང་ཡོད་པ་རེད།

རྒྱ་གར་གྱི་སྲིད་བློན་ཨ་མི་རི་ཀར་འཚམས་གཟིགས་གནང་པའི་དུས་ཚོད་འདི་ནི་སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ཚེས་༢༦ ཉིན་འཇིགས་བསྐུལ་དྲག་སྤྱོད་ཚོགས་སྡེས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷཡི་ནང་གཏོར་རྒོལ་ཚབས་ཆེ་བྱས་སྟེ་ལོ་གཅིག་འཁོར་བ་དང་སྟབས་འཁེལ་ཞིང་ ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་ ལོ་གཅིག་ཙམ་སྔོན་རྒྱ་གར་གྱི་ཐོག་མུམ་བྷཡི་གྲོང་ཁྱེར་ནང་གི་ཐབས་སྡུག་གི་གནས་ཚུལ་བྱུང་བ་དེའི་ཐོག་ནས་ང་ཚོ་ཕན་ཚུན་བསླབ་བྱ་བླངས་དགོས་པ་མང་དག་ཅིག་ཡོད་པ་རེད་ཅེས་ཀྱང་གསུངས་འདུག།

ལྷག་པར་དུ་ལྕམ་ནེན་སི་པེ་ལི་སིས་གསར་འགོད་པ་ཚོར་སྲིད་བློན་ཌོཀ་ཊར་སིངག་མཆོག་ནི་གུས་བརྩི་ཆེ་ཤོས་ཡོད་པའི་འཛམ་གླིང་གི་དབུ་འཁྲིད་གྲས་ཤིག་ཡིན་པ་གསུངས་པ་དང་ཡང་སྲིད་བློན་མཱན་མོ་ཧན་སིངག་མཆོག་གིས་རྒྱ་གར་དང་ཨ་མི་རི་ཀའི་འབྲེལ་ལམ་གྱི་འཕེལ་རིམ་གསར་པ་འདི་མདུན་བསྐྱོད་གནང་ཆེད་ཨ་མི་རི་ཀར་ཕེབས་ཐུབ་པ་བྱུང་བར་དགའ་ཚོར་ཡོད་པ་དང་ཚོགས་གཙོ་པེ་ལི་སིར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org