རྒྱ་གར་ནང་དྲག་སྤྱོད་སྤེལ་བར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད།
རྒྱ་གར་ནང་འཇིགས་སྐུལ་དྲག་སྤྱོད་པས་ཤིན་ཏུ་ཚབས་ཆེའི་དྲག་སྤྱོད་སྤེལ་བ་དེར་ཨ་མི་རི་ཀས་གཙོས་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་བྱས་འདུག
-
2008-11-27 -
-
-
༄༅༎རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་ཤིན་ཏུ་ཚབས་ཆེའི་དྲག་སྤྱོད་སྤེལ་བ་དེར་ཨ་མི་རི་ཀས་གཙོས་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག
ཁ་ས་རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་ཁྲོམ་རའི་ལྟེ་གནས་ཆེ་ཤོས་གྲོང་ཁྱེར་མུམ་སྦའེ་ནང་སྙན་གྲགས་ཅན་གྱི་ཏཇ་མེ་ཧེལ་མགྲོན་ཁང་དང་ཨོབ་རོ་ཡེ་གཉིས་ཀྱི་གཙོས་སྨན་ཁང་དང་རི་ལིའི་བབས་ཚུགས་སོགས་ས་ཁུལ་ཁག་ཅིག་ལ་དུས་གཅིག་ཏུ་འཇིགས་སྐུལ་དྲག་སྤྱོད་པ་ཚོས་འཆར་གཞི་དང་ལྡན་པའི་ཐོག་ནས་མེ་མདའ་རྒྱབ་པ་དང་ལག་སྦོམ་དབྱུགས་ནས་གཏོར་རྒོལ་བཏང་བ།དེ་བཞིན་བཙན་འཁྲིད་བྱས་པ་སོགས་ཀྱི་ད་ལྟའི་ཆར་མི་གྲངས་བརྒྱ་ལྷག་ཙམ་ཞིག་གི་ཚེ་སྲོག་ཤོར་བ་དང་མི་གྲངས་ཉིས་བརྒྱ་ལྷག་ཙམ་རྨས་སྐྱོན་ཕོག་པ་སོགས་བསམ་ཡུལ་འདས་པའི་དྲག་སྤྱོད་སྤེལ་ཡོད་པ་རེད། ད་ལྟའི་འཆར་གནས་ཚུལ་ཐོན་གསལ་ལ་གཞིགས་ན་འཇིགས་སྐུལ་དྲག་སྤྱོད་སྤེལ་མཁན་ནི་དྲེ་ཀེན་གྱེན་ལོག་ཤོག་ཁག་ཅེས་པའི་འཇིགས་སྐུལ་ཚོགས་པ་ཞིག་གི་མིང་གསལ་བཏོན་བྱེད་ཀྱི་ཡོད་པ་རེད།
འོན་ཀྱང་དེ་རིང་རྒྱ་གར་ནང་ཚབས་ཆེའི་གནས་ཚུལ་དེར་ཨ་མི་རི་ཀ་གཙོས་རྒྱལ་ཁབ་མང་པོས་རྒྱ་གར་གཞུང་ལ་གདུང་སེམས་མཉམ་སྐྱེད་ཞུས་པ་དང་ཆབས་ཅིག་འཇིགས་སྐུལ་དྲག་སྤྱོད་པ་ཚོར་གདོང་ལེན་བྱེད་ཤུགས་ཆེ་རུ་གཏང་དགོས་ལུགས་ཀྱང་གསུངས་ཡོད་འདུག དེ་ཡང་ཨ་རིའི་སྲིད་འཛིན་འདེམས་ཐོན་བྱུང་བ་སྦ་རག་ཨོ་སྦ་མ་མཆོག་གིས་འཇིགས་སྐུལ་དྲག་སྤྱོད་པ་ཚོས་མི་མང་སྐྱུས་མ་ཚོའི་ཐོག་ཤིན་ཏུ་ཚབས་ཆེའི་དྲག་སྤྱོད་སྤེལ་བ་དེ་ནི་ཧ་ཅང་ཐབས་སྡུག་པོ་ཞིག་རེད་ལ་ང་ཚོས་དྲག་སྤྱོད་སྤེལ་མཁན་ཚོར་མཐའ་ཅིག་ཏུ་གདོང་ལེན་བྱ་དགོས་ཞེས་དང་དེ་བཞིན་དབྱིན་ཇིའི་སྲིད་བློན་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ།ཁྱིམ་མཚེས་པ་ཀི་སི་ཏན་གྱི་སྲིད་འཛིན་དང་ཨཕ་ག་ནིསི་ཏན་གྱི་སྲིད་འཛིན་སོགས་ཡུལ་གྲུ་ཚོའི་དབུ་འཁྲིད་རྣམས་ནས་འཇིགས་སྐུལ་དྲག་སྤྱོད་པ་ཚོའི་ཤིན་ཏུ་ཐབས་སྐྱོ་བའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ་དེ་དག་རྩ་བ་ནས་མེད་པ་བཟོ་རྒྱུར་ཕྱོགས་ཚང་མས་འཕྱར་གྲུ་མཉམ་འདེགས་བྱ་དགོས་ལུགས་གསུངས་ཡོད་པ་རེད།