མཉམ་འབྲེལ་རྒྱལ་ཚོཌ་སྐུ་ཚབ་ཀྱིས་བལ་ཡུལ་སྲིད་དོན་པར་རེ་སྐུལ།

བལ་ཡུལ་གྱི་སྲིད་དོན་པ་རྣམས་ལ་ཡུལ་གྱི་མའོ་དྲག་རྒོལ་པར་རྟོག་ཞིབ་ཀྱི་ལས་དོན་ཐོག་མཉམ་རུབ་གནང་དགོས་པའི་འབོད་བསྐུལ་གནང་བ།

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བལ་ཡུལ་ནང་གི་སྐུ་ཚབ་ཀྱིས་བལ་ཡུལ་གྱི་སྲིད་དོན་པ་རྣམས་ནས་ཡུལ་གྱི་མའོ་དྲག་རྒོལ་པར་རྟོག་ཞིབ་ཀྱི་ལས་དོན་ཐོག་མཉམ་རུབ་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བལ་ཡུལ་ནང་གི་ལས་དོན་དེ་ཕྱི་ལོ་༢༠༠༧ལོར་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་རྒྱལ་ཚོགས་ཀྱི་ལས་དོན་དེ་ལོ་ངོ་གཅིག་ནང་ཚུད་ཡུལ་དེའི་ནང་གི་ནང་ཁུལ་གྱི་འཁོན་འཁྲུག་དེ་སེལ་ནས་ཞི་འཇམ་ཡུན་གནས་ཡོང་རྒྱུའི་ལས་དོན་སྤེལ་རྒྱུའི་ཆེད་ལས་ཁུངས་བཙུགས་པ་ཞིག་ཡིན་པ་རེད་ ཡིན་ནའང་རྒྱལ་ཚོགས་ཀྱི་ལས་དོན་གྱི་དུས་ཡུན་དེ་ཐེངས་མང་རིང་ཕྱིར་བཤོལ་གནང་དགོས་ཆགས་པའི་རྒྱུ་མཚན་ནི་བལ་ཡུལ་གྱི་མའོ་ཚོགས་པ་དང་སྲིད་དོན་གྱི་ཚོགས་པ་གཞན་ཁག་གི་འགོ་འཁྲིད་བར་ཡུལ་ནང་ཞི་བདེ་ཡུན་གནས་ཡོང་རྒྱུའི་ལས་དོན་ཐོག་མ་མཐུན་པའི་གནས་ཚུལ་བྱུང་ནས་ད་བར་རྒྱལ་ཚོགས་ཀྱི་ལས་དོན་དེ་མཚམས་འཇོག་གནང་མ་ཐུབ་པའི་གནས་ཚུལ་བྱུང་ཡོད་པ་རེད་ རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་གིས་བལ་ཡུལ་ནང་རྒྱལ་ཚོགས་ཀྱི་ལས་དོན་མཚམས་འཇོག་གནང་རྒྱུའི་དུས་ཚོད་དེ་ཡག་པོ་ཞིག་བྱུང་མེད་ཀྱང་ཡུལ་དེའི་སྲིད་དོན་པ་རྣམས་ཀྱིས་ཡུལ་ནང་ཞི་བདེ་ཡུན་གནས་ཡོང་རྒྱུར་ཕན་ཚུན་གུ་བཤང་གཏན་ནས་མ་བྱས་སྟབས་ལས་དོན་མཚམས་འཇོག་མི་བྱེད་ཀ་མེད་ཆགས་ཡོད་སྐོར་གསུང་འདུག བལ་ཡུལ་ནང་གི་རྒྱལ་ཚོགས་ཀྱི་ལས་དོན་དེ་མའོ་གྱེན་ལོག་གི་དམག་མི་གྲངས་༡༩༠༠༠ཡོད་པ་དེ་དག་ཐོག་རྟོག་ཞིབ་ཀྱི་ལས་དོན་དང་དེ་དག་བལ་ཡུལ་གྱི་དྲག་པོའི་དཔུང་དམག་ནང་ཟླ་བསྒྲིལ་གཏོང་ཐུབ་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན་ཀྱང་ལས་དོན་དེ་གྲུབ་རྒྱུར་བལ་ཡུལ་གྱི་སྲིད་དོན་པ་རྣམས་ཀྱིས་ད་བར་ལོ་ངོ་མང་པོའི་རིང་ལས་དོན་གང་ཡང་སྤེལ་ཐུབ་མེད་པ་རེད་ དེ་མ་ཟད་སྔ་ལོ་ཕྱི་ཟླ་༦པའི་ནང་མའོ་ཚོགས་པའི་གནོན་ཤུགས་འོག་ཡུལ་གྱི་སྲིད་བློན་ལས་གནས་ནས་དགོངས་ཞུ་མི་གནང་ཀ་མེད་བཟོས་པའི་རྗེས་ཡུལ་ནང་རྒྱུན་ལྡན་གྱི་གཞུང་ཞིག་རྩ་འཛུགས་ཐུབ་མེད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org