བལ་ཡུལ་དུ་དྲག་ཟིང་སྐབས་གར་སོང་ཆ་མེད་སོང་བའི་མིའི་སྐོར།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བལ་ཡུལ་ནང་མི་དམངས་གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་༡༧༠ཡི་ཐོ་གཞུང་ཞིག་བཏོན་གནང་ཡོད་པ་རེད།
-
2008-12-19 -
-
-
༄༅༎དེ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེ་སྔོན་བལ་ཡུལ་གྱི་མའོ་གྱེན་ལོག་ཤོག་ཁག་གིས་རྒྱལ་རྒྱུད་རིང་ལུགས་མེད་པ་བཟོ་བའི་དྲག་པོའི་ལས་འགུལ་འགོ་བཙུགས་པ་ནས་བཟུང་མི་དམངས་གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་༡༧༠ཡི་ཐོ་གཞུང་ཞིག་བཏོན་གནང་ཡོད་པ་མ་ཟད་མི་དེ་རྣམས་གར་སོང་ཆ་མེད་དུ་གྱུར་བ་དང་ཁག་ཅིག་མའོ་གྱེན་ལོག་ཤོག་ཁག་གི་དོ་དམ་བཀག་ཉར་བྱེད་པའི་སྐབས་རྐྱེན་ལམ་དུ་ཕྱིན་ཡོད་པའི་ར་སྤྲོད་ཐུབ་པའི་དཔང་རྟགས་ཡོད་པའི་སྐོར་གསུང་ཡོད་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་སྦ་ནེཏ་ཡིས་གསུང་པར་ཁོང་ཚོས་ཞིབ་འཇུག་དང་འཚོལ་ཞིབ་བྱས་པའི་ལས་དོན་ནང་གོང་གསལ་གྱི་མི་གྲངས་༡༧༠ཐོ་གཞུང་ནང་ནས་མི་གྲངས་༡༥༦གཞུང་གི་སྲུང་སྐྱོབ་དམག་མིས་ཁྲིམས་འགལ་གྱི་ཐོག་ནས་བཙན་ཁྲིད་བྱས་པ་དང་དེ་ནས་མི་གྲངས་བཅུ་བཞི་ནི་མའོ་གྱེན་ལོག་ཤོག་ཁག་གིས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུ་ནས་ལྷོ་ནུབ་ཕྱོགས་སུ་ཀི་ལོ་མི་ཊར་༤༠༠མཚམས་སུ་ཡོད་པའི་སྦར་རྡི་ཡ་མངའ་སྡེའི་ནང་ནས་བཙན་ཁྲིད་བྱས་པ་ཤེས་རྟོགས་བྱུང་བ་དང་ལྷག་པར་དུ་བལ་ཡུལ་གཞུང་ཕྱོགས་ནས་སྐབས་དེར་མི་དེ་དག་རེ་རེ་བཞིན་ལ་འཕྲད་པའི་གནས་ཚུལ་དངོས་ཡོད་ཇི་བཞིན་གསལ་པོ་དང་དྲང་བདེན་གྱི་ཞིབ་འཇུག་བྱས་ཏེ་སྤྱི་ཚོགས་ཐོག་གསལ་བཤད་བྱ་དགོས་པ་མ་ཟད་མི་དེ་དག་ལ་ཁྲིམས་ལུགས་ཀྱི་ཐོག་ནས་དྲང་བདེན་གྱི་གནས་བབ་ཡོང་ཐབས་བྱ་དགོས་པ་དང་ད་དུང་མི་གྲངས་༣༩ནས་༡༥༦བར་སྐབས་དེར་གཞུང་གི་དམག་མི་དང་མའོ་གྱེན་ལོག་ཤོག་ཁག་བར་གྱི་འཐབ་འཁྲུག་ནང་རྐྱེན་ལམ་དུ་ཕྱིན་ཡོད་པའི་སྐོར་གསུང་ཡོད་པ་རེད།