ཆབ་སྲིད་ལས་དོན་ཚན་པའི་འགན་འཛིན་བལ་ཡུལ་དུ་ཕེབས་པ།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་ལས་དོན་ཚན་པའི་འགན་འཛིན་ནས་བལ་ཡུལ་གྱི་སྲིད་འཛིན་དང་ལྷན་དུ་ཆབ་སྲིད་ཀྱི་གྲོས་མོལ།

༄༅༎འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་ལས་དོན་ཚན་པའི་འགན་འཛིན་སྦི་ལིན་པསི་ཀོ་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུ་ནང་ཉིན་གཉིས་རིང་ཞུགས་རྒྱུ་ཡིན་པའི་། དེ་རིང་ཉིན་དང་པོ་ཕེབས་མ་ཐག་གནམ་ཐང་ནས་ཐད་ཀར་བལ་ཡུལ་གྱི་སྲིད་འཛིན་རམ་སྦ་རན་ཡ་རྡལྦ་མཆོག་དང་ལྷན་དུ་ཆབ་སྲིད་ཀྱི་གྲོས་མོལ་གནང་བར་ཕེབས་འདུག།

རྒྱལ་ཚོགས་ཀྱི་ཆབ་སྲིད་ལས་དོན་ཚན་པའི་འགན་འཛིན་པསི་ཀོ་ཡིས་བལ་ཡུལ་གྱི་སྲིད་འཛིན་མཆོག་དང་ལྷན་དུ་རིང་མིན་ཕྱི་ལོ་༢༠༡༡ལོའི་ཕྱི་ཟླ་༡པའི་ཚེས་༡༥ཉིན་ཡུལ་དེའི་ནང་ཡོད་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁང་དེ་ཕྱིར་འཐེན་གནང་བའི་རྗེས་བལ་ཡུལ་ནང་གི་གནས་སྟངས་ཇི་འདྲ་ཆགས་མིན་སྐོར་བཀའ་མོལ་གཙོ་བོ་གནང་ཡོད་པ་དང༌། བལ་ཡུལ་སྲིད་འཛིན་ཡ་རྡལྦ་མཆོག་གིས་བལ་ཡུལ་གྱི་ཞི་བདེའི་བྱ་རིམ་ལ་གྲུབ་འབྲས་ངེས་ཅན་ཞིག་ཐོན་རྒྱུར་སྲིད་དོན་ཚོགས་པ་ཁག་གི་དབར་ཆབ་སྲིད་ཀྱི་བསམ་ཚུལ་གཅིག་མཐུན་དགོས་གལ་ཆེ་སྐོར་གསལ་བཏོན་གནང་ཡོད་པ་རེད། རྒྱལ་ཚོགས་ཀྱི་སྐུ་ཚབ་པསི་ཀོ་ཡིས་བལ་ཡུལ་ནང་གི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁང་དེ་ཕྱིར་འཐེན་གནང་བའི་རྗེས་སུའང༌། བལ་ཡུལ་གྱི་ཞི་བདེའི་བྱ་རིམ་ལ་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་འདོད་ཚུལ་གསུངས་འདུག།

བལ་ཡུལ་གྱི་སྲིད་འཛིན་དང་མཇལ་འཕྲད་གནང་གྲུབ་པའི་རྗེས་སྐུ་ཞབས་པསི་ཀོ་ཡིས་སྲིད་བློན་གཞོན་པ་སྦི་ཇེ་ཀུ་མར་གཆ་ཆ་རྡར་དང་སུ་ཇ་ཏ་ཀོའེ་རེ་ལ།དེ་བཞིན་མཀ་སེ་སི་ལེ་ནིན་ཆིག་སྒྲིལ་ཚོགས་པའི་འགོ་ཁྲིད་བཅས་ཁག་སོ་སོ་དང་མཇལ་འཕྲད་གནང་ཡོད་ཅིང༌། མའོ་ཚོགས་པའི་ཚོགས་གཙོ་པུཤི་པ་ཀ་མལ་རྡ་ཧལ་དང་བལ་ཡུལ་ཀོངྒ་རེསི་ཚོགས་པའི་ཚོགས་གཙོ་སུ་ཤིལ་ཀོའེ་རེ་ལ་ གྲོས་ཚོགས་ཀྱི་ཚོགས་གཙོ་སུ་སྦཤི་ནེམ་ལྦང་ དང་མ་རྡེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཚོ་དང་ཐུག་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་མ་ཚད། ཁོང་གིས་ བལ་ཡུལ་ནང་བཅའ་ཞུགས་ཨ་རི་དང་དབྱིན་ཡུལ། རྒྱ་ནག་། རྒྱ་གར་། ཨོསི་ཏྲེ་རི་ལི་ཡ་དང་ཕ་རེན་སི། ཡུ་རོཔ་ཆིག་སྒྲིལ་ལྷན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་རྣམ་པ་དང་མཇལ་འཕྲད་གྲོས་མོལ་གནང་ཡག་རེད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org