བལ་ཡུལ་གྱི་བརྟན་ལྷིང་ལ་ཉེན་ཁ་གཟིགས་ཀྱི་ཡོད་པའི་སྐོར།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་བལ་ཡུལ་གྱི་བརྟན་ལྷིང་ལ་ཉེན་ཁ་གཟིགས་ཀྱི་ཡོད་པའི་སྐོར་གསུངས་འདུག
-
2012-05-29 -
-
-
༄༅༎བལ་ཡུལ་གྱི་ཆབ་སྲིད་ཚོགས་པའི་དབར་ལ་བསམ་ཚུལ་མཐུན་མིན་གྱིས་རྐྱེན་པས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་འབེབས་བྱེད་མ་ཐུབ་པར་བརྟེན་ནས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་མཆོག་གིས་བལ་ཡུལ་གྱི་བརྟན་ལྷིང་ལ་ཉེན་ཁ་གཟིགས་ཀྱི་ཡོད་པའི་སྐོར་གསུང་ཡོད་པ་རེད།
དེ་ཡང་རེས་གཟའ་ཟླ་བའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་མའར་ཀྲིན་ནེ་སིར་ཀི་ཡིས་གསལ་བསྒྲགས་ཤིག་སྤེལ་ཏེ། སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་མཆོག་གིས། བལ་ཡུལ་གྱི་རྩ་ཁྲིམས་བཟོ་མཁན་གྲོས་ཚོགས་ཀྱིས་རྩ་ཁྲིམས་གཏན་འབེབས་བྱེད་་མ་ཐུབ་པར་རྩ་ཁྲིམས་གཏན་འབེབས་ཀྱི་དུས་བཀག་ཡོལ་ཟིན་པའི་གནས་སྟངས་ལ་ཐུགས་ཕམ་ཆེན་པོ་བྱུང་ཡོད་པའི་སྐོར་བཀོད་ཡོད་པ་མ་ཟད། བལ་ཡུལ་དེ་ནི་ད་ཆ་རྩ་ཁྲིམས་དང་ཆབ་སྲིད་གནས་སྟངས་ངེས་གཏན་མེད་པ་ཞིག་ཏུ་གྱུར་ཡོད་པའི་ངོས་འཛིན་གནང་སྟེ། ད་ཆ་བལ་ཡུལ་གཞུང་དང༌། ཆབ་སྲིད་ཚོགས་པ་ཁག་གི་འགོ་ཁྲིད། གཞན་ཡང་སྤྱི་ཚོགས་ཀྱི་འགན་འཁྲི་ཡོད་པའི་འགོ་ཁྲིད་ཚོས་ད་ལྟའི་རྒྱལ་ཁབ་ཀྱི་དཀའ་ངལ་དེ་ལས་རྣམ་པར་རྒྱལ་ཐབས་སུ་མཉམ་རུབ་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་དཀའ་ངལ་ལ་གདོང་ལེན་བྱ་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།
བལ་ཡུལ་གྱི་ནང་མའོ་གྱེན་ལོག་ཤོག་ཁག་དང་གཞུང་བར་ལ་མི་ལོ་བཅུ་ཕྲག་གཅིག་རིང་རྒྱབ་པའི་རྒྱལ་ནང་དམག་འཁྲུག་མཇུག་སྒྲིལ་བའི་རྗེས། ༢༠༠༨ ལོར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པ་བཟོ་མཁན་གྱི་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་བྱས་ཡོད་ཀྱང་ད་བར་དུ་རྩ་ཁྲིམས་གསར་པ་གཏན་འབེབས་ཐུབ་མེད་ལ་ཁ་སྔོན་རེས་གཟའ་ཉི་མའི་ཉིན་རྩ་ཁྲིམས་གསར་པ་གཏན་འབེབས་ཀྱི་དུས་བཀག་ཉིན་མཐའ་མ་དེ་ཡང་ཡོལ་ཟིན་པ་བརྟེན། བལ་ཡུལ་གྱི་སྲིད་བློན་སྦ་སྦུ་རམ་བ་ཊ་རའེ་ཡིས་རེས་གཟའ་ཉི་མའི་ཉིན། ད་ལྟའི་རྩ་ཁྲིམས་གསར་པ་བཟོ་མཁན་གྱི་གྲོས་ཚོགས་ཀྱི་འཐུས་མི་རྣམས་མེད་པ་བཟོས་ཏེ། སྤྱི་ཟླ་བཅིུག་པའི་ནང་འཐུས་མི་གསར་པ་བསྐྱར་དུ་འོས་འདེམས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་རེད།