བལ་ཡུལ་གཞུང་འཛིན་ཚོགས་པའི་གྲོས་འཆར་དོན་མེད་དུ་གྱུར་བ།
བལ་ཡུལ་གྲོས་ཚོགས་ཚོགས་མ་ཐུབ་པར་འགག་འགྱང་དུ་འགྱུར་པའི་དཀའ་རྙོག་ཞི་ཐབས་སུ་བཀའ་བསྡུར་གནང་ཡང་དོན་འབྲས་སོན་མིན་འདུག
-
2012-01-28 -
-
-
༄༅༎བལ་ཡུལ་གྲོས་ཚོགས་ཚོགས་མ་ཐུབ་པར་འགག་འགྱང་དུ་འགྱུར་པའི་དཀའ་རྙོག་ཞི་ཐབས་སུ་གཞུང་འཛིན་དམར་ཤོག་མའོ་ཚོགས་པས་ཕྱོགས་འགལ་དམར་ཤོག་ སི་པི་ཨེན་ ཡུ་ཨེམ་ཨེལ་ གྱི་འགོ་འཁྲིད་དང་མཇལ་འཕྲད་གནང་སྟེ་བཀའ་བསྡུར་གནང་ཡང་དོན་འབྲས་སོན་པ་བྱུང་མིན་འདུག
གཞུང་འཛིན་དམར་ཤོག་མའོ་ཚོགས་པས་འབྱུང་འགྱུར་རྩ་ཁྲིམས་ཟིན་བྲིས་ནང་བཀོད་པའི་སྲིད་འཛིན་དང་སྲིད་བློན་གཉིས་སོ་སོའི་འགན་དབང་ཐད་ཕྱོགས་འགལ་ཚོགས་པས་མོས་མཐུན་གནང་གི་མེད་པ་རེད།ད་ལྟའི་ཆར་རྩ་ཁྲིམས་ཟིན་བྲིས་ནང་སྲིད་དོན་ཚོགས་པ་ཆེ་གསུམ་དབར་མི་མཐུན་པའི་འགལ་ཟླ་ཡོད་པའི་དོན་གནད་བཞི་ཙམ་ཡོད་པ་རེད། ཡང་དེ་སྔོན་དམར་ཤོག་མའོ་ཚོགས་པའི་ཚོགས་གཙོ་པུཤི་པ་ཀ་མལ་རྡ་ཧལ་གྱིས་སྲིད་བློན་ལས་གནས་བཟུང་སྐབས་མའོའི་དྲག་འཐབ་པ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་གཏོང་འོས་མཆིས་མིན་གྱི་རྩ་དོན་འབྲེལ་བའི་གནད་ཐོག་སྐབས་དེའི་དམག་སྤྱི་རུཀ་མན་གུརྡ་ཀ་ཏ་ལྦལ་དང་འགལ་ཟླ་བྱུང་སྟེ་སྲིད་བློན་རྡ་ཧལ་གྱིས་དམག་སྤྱི་གནས་དབྱུངས་བཏང་ཡང་། སྲིད་འཛིན་གྱིས་ལས་གནས་བསྐྱར་གསོ་གནང་སྟེ་དམག་སྤྱི་གནས་དབྱུངས་གཏོང་ཐུབ་མེད་སྟབས། མཐར་སྲིད་བློན་རྡ་ཧལ་ རང་ཉིད་སྲིད་བློན་ལས་གནས་ནས་རང་མོས་ཀྱི་རྩ་དགོངས་ཞུས་པའི་གནས་ཚུལ་བྱུང་ཡོད་པ་རེད། ད་ཆ་དམར་ཤོག་མའོ་ཚོགས་པའི་ཚོགས་གཞོན་སྦ་སྦུ་རམ་བ་ཏ་རའེ་ཡིས་སྲིད་བློན་ལས་གནས་བཟུང་བཞིན་པའི་སྐབས་འདིར་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་སུ་ཞི་བའི་གཞུང་གི་འགོ་ཁྲིད་ལ་བླ་ན་མེད་པའི་འགན་དབང་ཡོད་པ་སྟོན་ཆེད་གཏམ་བཤད་གནང་དགོས་ལུགས་དམར་ཤོག་མའོ་ཚོགས་པའི་དགོས་འདུན་བསྐྱར་དུ་བཏོན་གྱི་ཡོད་པ་རེད། འོན་ཀྱང་དེ་རིང་རེས་གཟའ་ཉི་མ་བཟུང་བལ་ཡུལ་གྱི་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་སྔར་རྒྱུན་བཞིན་ལྷན་ཚོགས་གནང་ཐུབ་པའི་རེ་བ་ཡོད་ལུགས་དམར་ཤོག་མའོ་ཚོགས་པའི་ཚོགས་གཙོའི་མགྲིན་ཚབ་པས་གསུངས་གནང་འདུག རྩ་ཁྲིམས་ཟིན་བྲིས་ཀྱི་ལས་འཆར་ལྟར་ན། རྩ་ཁྲིམས་ཟིན་བྲིས་སུ་འགོད་རྒྱུའི་འབྲུ་དོན་ཁག་འབྲེལ་ཡོད་ལ་འབུལ་རྒྱུའི་དུས་ཚོགས་དེ་རིང་རྫོགས་ཀྱི་ཡོད་པ་རེད། ཡང་བལ་ཡུལ་ནང་ཆབ་སྲིད་ལམ་ལུགས་ཐད། ད་ཡོད་སྲིད་བློན་གྱིས་གཞུང་གི་འགན་དབང་ཁུར་བའི་ལམ་ལུགས་སྔར་མུས་བཞིན་གནས་རྒྱུར་ཕྱོགས་འགལ་ཀོང་རེ་སི་ཚོགས་པ་སོགས་ཀྱི་འདོད་ཀྱི་ཡོད་ཀྱང་དམར་ཤོག་མའོ་ཚོགས་པས་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་སྲིད་འཛིན་ལ་འགན་དབང་ཆེ་བ་དགོས་ལུགས་འདོད་ཀྱི་ཡོད་པ་རེད། གང་ལྟར་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱི་ལས་ཡུན་ཕར་འགྱངས་མཐའ་མ་དེ་བྱེད་སྐབས་འདི་ལོ་ཕྱི་ཟླ་ལྔ་པའི་ལོ་མཇུག་ཏུ་ཞི་འགྲིག་དང་རྩ་ཁྲིམས་གསར་བཟོའི་ལས་དོན་གཉིས་ཀ་འཐུས་ཚང་མཇུག་བསྒྲིལ་དགོས་པའི་བཀའ་རྒྱ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་ཡོད་པ་རེད།