རྒྱ་ནག་གི་རྣམ་འགྱུར་ལ་དབྱིན་གཞུང་ནས་བློ་ཕམ་གནང་བ།
རྒྱ་ནག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྤྲོད་རྒྱུའི་རྣམ་པ་གང་ཡང་མ་བཏོན་པ་དེར་དབྱིན་གཞུང་ནས་བློ་ཕམ་གནང་བ།
-
2008-11-25 -
-
-
༄༅༎རྒྱ་ནག་ཕྱོགས་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཆབ་སྲིད་ཀྱི་གནས་བབ་སྤྲོད་རྒྱུའི་རྣམ་པ་གང་ཡང་མ་བཏོན་པ་དེར་དེ་རིང་དབྱིན་ཇི་གཞུང་ཕྱོགས་བློ་ཕམ་བྱུང་ཚུལ་དང་མ་འོངས་པར་ཡང་རྒྱ་བོད་གཉིས་གྲོས་མོལ་གྱི་ལམ་ནས་བོདཀྱི་དཀའ་རྙོགས་སེལ་རྒྱུའི་ཐབས་ལམ་ལ་རྒྱབ་སྐྱོར་ཡོད་ཅེས་གསུང་ཡོད་པ་རེད།
ཉེ་ཆར་ཕྱི་ཚེས་བཅུ་བདུན་ནས་ཉི་ཤུ་གཉིས་བར་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་དམིགས་བསལ་ཚོགས་ཆེན་ཚོགས་པའི་རྗེས་རེས་གཟའ་སྤེན་པའི་ཉིན་ཚོགས་ཆེན་མཇུག་སྡོམས་སྐབས་ཚོགས་ཞུགས་བ་མང་ཆེ་བས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་འཐབ་རྩོད་བྱ་རྒྱུར་རྒྱ་ནག་གཞུང་གི་ལྷན་དུ་གྲོས་མོལ་མུ་མཐུད་བྱ་དགོས་ཞེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་གྱི་དགོངས་གཞིར་རྒྱབ་སྐྱོར་ཞུས་ཡོད་ཅིང་ཡིན་ནའང་བོད་མི་ཁག་ཅིག་གིས་གལ་ཏེ་དབུ་མའི་ལམ་གྱི་ཐབས་ལམ་ལ་རྒྱ་ནག་གཞུང་ཕྱགོས་ནས་ངོས་ལེན་མ་བྱས་པ་ཡིན་ཚེ་རང་བཙན་འཐབ་རྩོད་བྱ་རྒྱུ་ཡིན་པའི་རྩོད་གླེང་བྱུང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་དམིགས་བསལ་ཚོགས་ཆེན་དགོས་པའི་སློབ་སྟོན་ཕེབས་པ་དེ་ནི་ད་བར་བོད་རྒྱ་གཉིས་ཀྱི་སྐུ་ཚབ་བར་འབྲེལ་མོལ་ཐེངས་བརྒྱད་བྱས་ཀྱང་རྒྱ་ནག་ཕྱོགས་ནས་ཡར་རྒྱས་ཀྱི་རྣམ་པ་གང་ཡང་བཏོན་མེད་པར་བརྟེན་ནས་འདས་པའི་ཉིན་མ་དྲུག་རིང་ལ་བཙན་བྱོལ་བོད་མི་གནས་སྡོད་གང་ས་ནས་ཚོགས་བཅར་བ་དྲུག་བརྒྱ་ཙམ་གྱིས་མ་འོངས་པའི་བོད་ཀྱི་རྩ་དོན་ཐོག་ཐབས་ལམ་ཇི་དགེའི་སྐོར་བགྲོ་གླེང་དང་སྦྱངས་བཤད་བྱས་ཡོད་པ་རེད། དེ་རིང་དབྱིན་ཇིའི་ཕྱི་སྲིད་ལྷན་ཁང་གི་བློན་ཆེན་སྦིལ་ར་མེལ་ཡིས་གསུང་པར་བཙན་བྱོལ་བོད་མི་ཚོས་འཚེ་མེད་ཞི་བའི་ཐོག་ནས་རྒྱ་ནག་གི་ལྷན་དུ་གྲོས་མོལ་བྱེད་པར་བརྒྱུད་བོད་རྒྱའི་དཀའ་རྙོགས་སེལ་ཐབས་གནང་རྒྱུའི་ཐབས་ལམ་རྒྱུན་འཁྱོངས་གནང་རྒྱུའི་ཐག་གཅོད་ལ་དགའ་བསུ་ཡོད་ཅེས་གསུང་ཡོད་པ་རེད།