བལ་ཡུལ་གྱིས་བོད་མི་གཉིས་མུ་མཐུད་དུ་བཀག་ཉར་བྱས་འདུག
བལ་ཡུལ་གྱི་ཉེན་རྟོག་པས་མཐའ་མཚམས་ནས་འཇུ་བཟུང་བྱས་བའི་བོད་མི་མང་ཆེ་བ་བཀག་ཉར་ནས་བཏང་འདུག
-
2016-11-16 -
-
-
བལ་ཡུལ་གྱི་ཉེན་རྟོག་པས་མཐའ་མཚམས་ནས་འཇུ་བཟུང་བྱས་བའི་བོད་མི་མང་ཆེ་བ་བཀག་ཉར་ནས་བཏང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བྱུང་བ་ལྟར་ན། བལ་ཡུལ་ཉེན་རྟོག་པས་རྒྱ་གར་དང་ཐག་ཉེ་བའི་མཐའ་མཚམས་ནས་འཇུ་བཟུང་བྱས་བའི་བོད་མི་མི་གྲངས་༤༡་གི་ཁོངས་ནས་མི་གྲངས་༣༩་བཀག་ཉར་ནས་བཏང་ཡོད་པ་དང་། མི་གྲངས་གཉིས་མུ་མཐུད་དུ་བཀག་ཉར་བྱས་འདུག
བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་བྱེད་བཟང་པོ་ལགས་ཀྱིས་གསུངས་དོན། བོད་མི་དེ་དག་གི་ཁོངས་ནས་བོད་མི་མི་གྲངས་༣༩་ལ་རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་ཡོད་པར་བརྟེན་ཚེས་༡༦་ཉིན་གྱི་དགོང་དྲོར་བཀག་ཉར་ནས་བཏང་ཟིན་པ་དང་། རྒྱ་གར་གྱི་ལག་འཁྱེར་ཡོད་པའི་བོད་མི་གཉིས་རྒྱ་གར་གཞུང་ཚབ་ཁང་བརྒྱུད་ཞིབ་འཇུག་ཆེད་མུ་མཐུད་བཀག་ཉར་བྱས་བསྡད་ཡོད་པ་བརྗོད་བྱུང་།
གོང་བརྗོད་བོད་མི་ཚོ་ཟླ་བ་འདིའི་སྤྱི་ཚེས་༡༤་ཉིན་བལ་ཡུལ་གྱི་མཐའ་མཚམས་ཀེ་ལཱ་ལེ་རྫོང་ས་གནས་ཉེན་རྟོག་པས་ཀེ་ལཱ་ལེ་རྫོང་ཁོངས་(DHANGADI)་ས་གནས་ནས་སྤྱི་སྤྱོད་རླངས་འཁོར་ནང་བསྐྱོད་བཞིན་པའི་སྐབས་བལ་ཡུལ་ནང་ཁྲིམས་མཐུན་གྱི་འགྲོ་བསྐྱོད་ཆོག་པའི་ལག་འཁྱེར་སོགས་གང་ཡང་མེད་ཚུལ་གྱིས་འཛིན་བཟུང་བྱས་ཏེ། ཕྱིར་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མཎ་ཀྲོའུ་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་བ་ཡིན་པ་རེད།
གསར་འགོད་པ་ཀླུ་འབུམ།