རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་དུ་བོད་མི་ཚོའི་བརྙན་འཕྲིན་འཁོར་སྐར་སྡེར་མར་ཞིབ་བཤེར་བྱེད་བཞིན་ཡོད་འདུག

2023.06.13
རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་དུ་བོད་མི་ཚོའི་བརྙན་འཕྲིན་འཁོར་སྐར་སྡེར་མར་ཞིབ་བཤེར་བྱེད་བཞིན་ཡོད་འདུག ཕྱི་ལོ་༢༠༢༣ ལོའི་ཟླ་༦ ཚེས་༡༢ ཉིན། རྒྱ་ནག་གཞུང་འབྲེལ་མི་སྣས་ལྷ་ས་གྲོང་ཁྱེར་གྱི་བོད་མི་ཚོའི་བརྙན་འཕྲིན་འཁོར་སྐར་སྡེར་མར་ཞིབ་བཤེར་བྱེད་བཞིན་པ།
རྒྱ་ནག་གཞུང་འབྲེལ་གསར་ལམ་ནས།

ཕྱི་ཟླ་༦པའི་ཚེས་འགོ་ནས་བཟུང་རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་དུ་བོད་མིའི་དུད་ཁྱིམ་རེ་རེར་ཉུལ་ཞིབ་ཀྱིས། བརྙན་འཕྲིན་འཁོར་སྐར་སྡེར་མའི་ཁ་སྐོར་ཕྱོགས་དང་། གཞུང་འབྲེལ་གྱི་ཆོག་མཆན་ཡོད་པའི་འོག་ཉོ་བསྒྲུབས་བྱས་མིན་དང་། གནས་ཚུལ་ག་རེ་ལ་ལྟ་ཉན་བྱེད་བཞིན་ཡོད་སོགས་ལ་ཞིབ་བཤེར་བྱས་ཡོད་པ་དང་། འབྲེལ་ཡོད་ལྷ་སར་གནས་སྡོད་བོད་མི་ཞིག་ནས་བོད་མི་ཚོའི་ཁྱིམ་ཚང་ནང་དུ་བརྙན་འཕྲིན་འཁོར་སྐར་དེ་རིགས། རྒྱ་ནག་གཞུང་འབྲེལ་ངོས་ནས་སྤྲད་པ་དང་། ཡང་ན་གཞུང་འབྲེལ་ཆོག་མཆན་འོག་རྒྱ་ནག་གཞུང་ནང་ཁུལ་གྱི་གནས་ཚུལ་ཁོ་ན་ལས་བལྟ་མི་ཐུབ་པ་རིགས་ལས། གཞན་སྒེར་ངོས་ནས་གང་འདོད་དུ་ཉོ་བསྒྲུབས་ཀྱིས་བརྙན་འཕྲིན་འཁོར་སྐར་བརྒྱུད་ཕྱི་ཕྱོགས་ཀྱི་གནས་ཚུལ་ལ་ལྟ་ཉན་བྱེད་མི་ཆོག་སྐོར། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་༢༠༠༩ལོ་རྒྱ་ནག་གཞུང་གིས་བརྙན་འཕྲིན་འཁོར་སྐར་དགོན་པ་དང་གྲོང་སྡེ་ཡོངས་སུ་ཁྱབ་པ་ཞེས་པའི་ལས་འགུལ་འོག། ལྷ་ས་ཁུལ་དུ་བོད་མི་དུད་ཚང་རེ་རེ་བྱས་ཏེ་འཁོར་སྐར་སྡེར་མ་ཆེད་འཛུགས་ཀྱིས་གཞུང་འབྲེལ་དྲིལ་བསྒྲགས་ཁག་ལ་ལྟ་ཉན་བྱེད་བཅུག་བཞིན་ཡོད་པ་དང་། ཡང་འབྲེལ་ཡོད་བོད་མི་གཞན་ཞིག་ནས་དེ་སྔ་ཡིན་ན་བརྙན་འཕྲིན་འཁོར་སྐར་སྡེར་མའི་རིགས་ལ་ཞིབ་བཤེར་གཙོ་བོ་མགྲོན་ཁང་ཚོར་བྱེད་སྲོལ་ཡོད་ཀྱང་། དེང་སྐབས་ཁྱིམ་ཚང་རེ་རེ་བཞིན་དུ་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ལྷག་པར་བོད་དང་འབྲེལ་བའི་དུས་ཚིགས་དམིགས་བསལ་རིགས་ལ་བརྙན་འཕྲིན་སྡེར་མའི་ནང་དུ་ཤར་རྒྱུ་མེད་པར་བཟོ་བཞིན་པ་སོགས་བྱུང་གི་ཡོད་པ་རེད་ལ། ནམ་རྒྱུན་ཁྱིམ་ཚང་རེ་རེར་རྒྱ་གཞུང་འབྲེལ་གྱི་གནས་ཚུལ་དང་རྒྱ་ནག་རང་གི་བརྙན་འཕྲིན་རིགས་ལས་ཤར་མི་ཐུབ་པ་བྱས་ཡོད་ཀྱང་། འཁོར་སྐར་སྡེར་མ་དེ་རིགས་ཁ་ཕྱོགས་གཞན་ལ་སྐོར་ན་ཕྱིའི་གནས་ཚུལ་ལ་ལྟ་ཉན་ཐུབ་ཀྱི་ཡོད་ན་ཡང་། ལག་རྩལ་ཡག་པོ་ཡོད་མཁན་རིགས་མིན་ན་གནས་ཚུལ་ག་རེ་ལྟ་ཉན་བྱས་ཡོད་ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་གི་ཡོད་པས། འདས་པའི་ལོ་ཤས་ནས་བཟུང་ཐབས་ལམ་ཅི་རིགས་ཀྱིས་ཧ་ཅང་དམ་དྲགས་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཕྱི་ཟླ་༦ཚེས་༡༢ཉིན་རྒྱ་ནག་གཞུང་འབྲེལ་ལྷ་ས་སྤྱི་བདེ་ཉེན་རྟོག་དྲ་རྒྱའི་སྟེང་སྤེལ་བའི་དེ་འབྲེལ་གནས་ཚུལ་ཞིག་ཏུ། ཕྱི་ཚེས་༨་དང་༩་གཉིས་ལ་བོད་རང་སྐྱོང་ལྗོངས་བརྙན་འཕྲིན་དོ་དམ་སྡེ་ཚན་དང་ལྷ་ས་གྲོང་ཁྱེར་བརྙན་འཕྲིན་ལྟ་ཞིབ་སྡེ་ཚན་དང་། ཉེན་རྟོག་པ་སོགས་མཉམ་འབྲེལ་གྱིས་ལྷ་ས་གྲོང་ཁྱེར་ཁུལ་དུ་བརྙན་འཕྲིན་འཁོར་སྐར་སྡེར་མར་ཞིབ་བཤེར་བྱས་ཡོད་སྐོར་བཀོད་ཡོད་པ་དང་། གནས་ཚུལ་དེའི་ནང་འདི་ལོའི་ལོ་མགོ་ནས་བཟུང་ལྷ་ས་གྲོང་ཁྱེར་ཡོངས་སུ་ཁྲིམས་མཐུན་མིན་པའི་བརྙན་འཕྲིན་སྡེར་མ་༥༠་ཐག་གཅོད་བྱས་ཡོད་སྐོར་དང་།བརྙན་འཕྲིན་འཁོར་སྐར་སྡེར་མར་ཞིབ་བཤེར་བྱེད་པ་ནི་བོད་ནང་ཞི་འཇགས་ཡོང་ཐབས་ཀྱི་ཞིབ་བཤེར་ཆ་ཤས་གལ་ཆེན་ཞིག་ཡིན་པས། ལྷ་ས་ཉེན་རྟོག་ཕྱོགས་ཀྱིས་མུ་མཐུད་དུས་ཡུན་རིང་བོར་ཞིབ་བཤེར་ལས་འགུལ་དེ་སྤེལ་རྒྱུ་ཡིན་པ་སོགས་བསྒྲགས་འདུག་ལ།བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་བརྙན་འཕྲིན་དང་ཁ་པར་རིགས་ལ་ཞིབ་བཤེར་བྱེད་བཞིན་པ་དེ། བོད་མི་ཚོར་ཕྱི་ཕྱོགས་ཀྱི་གནས་ཚུལ་ཚོད་འཛིན་ཐད་དམ་དྲགས་ཀྱི་ཆ་ཤས་གཙོ་གྲས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་འདུག

སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་པོ་བྱུང་བ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ནང་སྤྱི་ཡོངས་ནས་དམ་དྲགས་དང་འབྲེལ་བརྙན་འཕྲིན་དང་ཁ་པར་སོགས་གནས་ཚུལ་ལྟ་ཉན་བྱེད་ཡུལ་ཁག་ལ་དམ་དྲགས་དང་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད་ལ། ཕྱི་ལོ་༢༠༡༣ལོར་མཚོ་སྔོན་ཞིང་ཆེན་ཡོངས་སུ་བརྙན་འཕྲིན་འཁོར་སྐར་གཞུང་འབྲེལ་གྱིས་ཆེད་འཛུགས་བྱས་པ་ལས། གཞན་འཁོར་སྡེར་མའི་རིགས་གང་བྱུང་སྒྲིག་འཛུགས་མི་ཆོག་པའི་བརྡ་ཁྱ་དོན་ཚན་བརྒྱད་ཅན་ཞིག་བཏང་ཡོད་པ་རེད་ལ། དེ་བཞིན་ལོ་དེར་བོད་ཀྱི་སུམ་བཅུའི་དུས་དྲན་དང་འབྲེལ་མདོ་སྨད་བླ་བྲང་གསང་ཆུ་ཕྱོགས་ནས་བརྙན་འཕྲིན་འཁོར་སྐར་སྡེར་མ་ཚང་མ་ཕྱིར་བསྡུ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎