བོད་མིར་སློབ་ཡོན་ལས་གཞི་དང་འབྲེལ་བའི་དྲ་རྒྱ་དབུ་འབྱེད།
ཨ་མི་རི་ཀའི་སློབ་ཡོན་ལས་གཞི་ཁང་དང་ཨ་རིའི་ཐེབས་རྩ་གཉིས་ཟུང་འབྲེལ་གྱི་ཐོག་དྲ་རྒྱ་གསར་པ་ཞིག་དབུ་འབྱེད་གནང་འདུག
-
2016-05-13 -
-
-
ཨ་མི་རི་ཀའི་སློབ་ཡོན་ལས་གཞི་ཁང་དང་ཨ་རིའི་ཐེབས་རྩ་གཉིས་ཟུང་འབྲེལ་གྱི་ཐོག་དྲ་རྒྱ་གསར་པ་ཞིག་དབུ་འབྱེད་གནང་འདུག
དེ་ཡང་ཕྱི་ཚེས་༡༢་ཉིན་བཞུགས་སྒར་རྡ་རམ་ས་ལའི་ནོར་བུ་མགྲོན་ཁང་དུ། ཨ་མི་རི་ཀས་བཙན་བྱོལ་བོད་ཕྲུག་ཚོར་སློབ་ཡོན་ལས་གཞིའི་དྲ་རྒྱ་(tspalumni)གསར་བཟོ་བྱས་བ་ཤེས་རིག་བཀའ་བློན་ དངོས་གྲུབ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་ཡོད་པ་དང་། དེའི་སྐབས་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ནང་གི་ཤེས་རིག་དྲུང་ཆེ་སྐུ་ཞབས་Mathew Asada་དང་ འབྲེལ་ཡོད་ལས་བྱེད་ཁག་ཅིག དེ་ག་ནང་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམས་པ་སོགས་འབྲེལ་ཡོད་མི་སྣ་མང་པོ་ཞིག་མཛད་སྒོ་དེའི་ཐོག་བཅར་གནང་ཡོད་པ་རེད།
གསར་དུ་དབུ་འབྱེད་གནང་བའི་དྲ་རྒྱ་དེ་ཨ་རི་ནས་སློབ་ཐོན་སློབ་ཟུར་ཚོས་གསར་བཟོ་གནང་བ་ཞིག་ཡིན་ནའང་། བོད་མིའི་སློབ་ཡོན་ལས་གཞི་སྟེ་ཨ་མི་རི་ཀའི་གཞུང་ཚབ་ཁང་དང་། བོད་ཀྱི་ཐེབས་རྩ་བཅས་ནས་མཉམ་སྦྲེལ་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད།
ཨ་མི་རི་ཀའི་སློབ་ཡོན་ལས་གཞི་ཁང་དེས་དུས་ཡུན་རིང་པོའི་རིང་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་སོགས་བཙན་བྱོལ་དུ་གནས་པའི་བོད་མི་ཚོར་ཨ་རིའི་ནང་སློབ་གཞི་འདྲ་མིན་ཐོག་ཤེས་ཡོན་སློབ་སྦྱོང་གནང་རྒྱུའི་གོ་སྐབས་བཟང་པོ་སྐྲུན་གནང་བཞིན་ཡོད་པ་དང་། ད་རེས་དྲ་རྒྱ་དེ་བརྒྱུད་ནས་ཨ་མི་རི་ཀ་ནས་སློབ་ཐོན་གནང་བའི་བཙན་བྱོལ་བོད་མི་ཚོ་དང་ ལས་འཆར་གོ་སྒྲིག་གནང་མཁན་ཚོ་དབར་གྱི་འབྲེལ་བ་མུ་མཐུད་རྒྱུན་འཁྱོངས་གནས་ཐུབ་རྒྱུའི་ཆེད་དུ་ཡིན་ཞིང་། www.tspalumni.org་ཞེས་པའི་དྲ་རྒྱ་གསར་པ་དེ་ཕྱི་ཚེས་༡༣་ཉིན་དབུ་འབྱེད་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོན།