ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་སྐད་ཡིག་རྒྱ་གར་གཞུང་གིས་ངོས་འཛིན་ཐོབ་དགོས་བའི་ཁྲིམས་འཆར་བཏོན་འདུག

ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་(Bodhi)་སྐད་ཡིག་རྒྱ་གར་གཞུང་གི་རྩ་ཁྲིམས་ནང་ཚུད་དགོས་པ་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་ཁྲིམས་འཆར་བཏོན་འདུག

རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་ཁྲིམས་འཆར་བཏོན་བཞིན་པ། ༠༤།༠༡།༢༠༢༢ @sansad tv

འདི་ཚེས་༡་ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས། ལོ་རྒྱུས་ནང་ཐེངས་དང་པོ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་བྷོད་དྷེ་(Bodhi)་སྐད་ཡིག་དེར་རྒྱ་གར་གཞུང་གིས་ཁྲིམས་མཐུན་གྱི་ངོས་འཛིན་འབྱུང་ཐབས་སུ། རྒྱ་གར་གྱི་རྩ་ཁྲིམས་ཀྱི་ལེའུ་བརྒྱད་པའི་ནང་ཚུད་དགོས་པའི་ཁྲིམས་འཆར་བཏོན་ཡོད་པ་དང་། འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་ཁྲིམས་འཆར་དེའི་གནད་འགག་དང་ནང་དོན་དེ་བཞིན་(Bodhi)་སྐད་ཡིག་ནི་དེ་སྔ་ལོ་རྒྱུས་ཐོག་བོད་ཆེན་པོ་ཞེས་པའི་གཅིག་གྱུར་གྱི་ཐ་སྙད་ལ་གོ་དོན་ཁྱབ་ཀྱི་ཡོད་པ་གྲོས་ཚོགས་ནང་འགྲེལ་བརྗོད་གནང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས། གྲོས་ཚོགས་ནང་(Bodhi)་སྐད་ཡིག་ལ་ཁྲིམས་མཐུན་ངོས་འཛིན་དགོས་པའི་ཁྲིམས་འཆར་ངོ་སྤོད་གནང་བ་མ་ཟད། རྒྱ་གར་ནང་ཆོས་ལུགས་རིགས་སུ་མ་ཆད་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་དང་། བཤད་གྲ་སོགས་ནང་བོད་རིགས་ཙམ་མ་ཟད། འབྲུག་དང་འབྲས་ལྗོངས། སོག་པོ། དེ་བཞིན་ཧི་མ་ལ་རི་རྒྱུད་ཁུལ་གྱི་སློབ་མ་སྟོང་ཕྲག་མང་པོར་རིན་མེད་བསླབ་པ་སློབ་གཉེར་གྱི་གོ་སྐབས་གནང་བཞིན་ཡོད་པ་དང་། རིགས་ལམ་ལ་བརྟེན་པའི་སློབ་གཉེར་ཁང་དེ་དག་ནི། རྒྱ་གར་གྱི་དཔལ་ན་ལེན་ཊའི་ཆོས་བརྒྱུད་རྗེས་སུ་འཛིན་མཁན་གྱི་སློབ་གཉེར་ཁང་གཙོ་བོ་ཞིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་དང་། བཤད་གྲ་དེ་དག་ནས་སློབ་མ་མཐར་སོན་གྱི་ཁྱག་འཁྱེར་གནང་བཞིན་ཡོད་པ་དེ་དག་རྒྱ་གར་ནང་རྒྱུན་ལྡན་ཆེས་མཐོའི་སློབ་གཉེར་ཁང་གི་ཕྱག་འཁྱེར་དང་གཅིག་མཚུངས་གཞུང་འབྲེལ་ངོས་འཛིན་དགོས་པ་དང་དེ་བཞིན་རྒྱ་གར་གཞུང་གི་ཤེས་ཡོན་ལྷན་ཚོགས་ནས་དཔལ་འབྱོར་གྱི་མཐུན་འགྱུར་སྦྱོར་སྤྲོད་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
གྲོས་ཚོགས་ཀྱི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ལ་དྭགས་དང་། ཧི་མ་ཅལ། འབྲས་ལྗོངས། (Utterkhand) རྡོར་རྗེ་གླིང་(Darjeeling) ཨ་རུ་ན་ཅལ་སོགས་ཀྱི་དགོན་སྡེ་ཁག་དང་ས་ཕྱོགས་གང་སར་ཡོད་པའི་བཤད་གྲྭ་ཁག་གཙོས་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་གྱི་སྡེ་ཡོངས་ཀྱི་(Bodhi)་སྐད་ཡིག་དེ་རྩ་ཁྲིམས་ནང་ངོས་འཛིན་ཡོང་བའི་ལས་གཞི་ལམ་ལྷོང་ཡོང་བ་དང་མ་འོངས་ལས་འཆར་དེར་འགལ་རྐྱེན་དང་བར་ཆད་མི་ཡོང་བའི་ཆེད་ཆོས་སྐྱོང་སྲུང་མ་རྣམས་ལ་འཕྲིན་བཅོལ་དང་སྨོན་ལམ་གསོལ་འདེབས་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད།།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org