ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་འགྲོ་རྒྱུར་བཀག་འགོག་བྱས་པ།

རྒྱ་ནག་འགྲིམས་འགྲུལ་བསྲི་ཞུ་ཁང་ལ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་ཡོང་མ་ཆོག་པའི་དམ་དྲག་གི་བརྡ་ཐོ་ཞིག་འབྱོར་ཡོད་པའི་སྐོར།

༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་རྒྱ་ནག་འགྲིམས་འགྲུལ་བསྲི་ཞུ་ཁང་གི་ལས་བྱེད་པ་ཅིག་གིསཕ་རེན་སི་གསར་ལས་ཁང་ལ་ཁ་པར་ཐོག་ནས། ཁོང་ཚོའི་ལས་ཁང་ལ་ཕྱི་ཟླ་༧ཚེས་༢༦བར་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་ཡོང་མ་ཆོག་པའི་དམ་དྲག་གི་བརྡ་ཐོ་ཞིག་འབྱོར་ཡོད་པར་བརྟེན། ད་ལྟའི་སྐབས་འདིར་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཁོང་ཚོས་བོད་ནང་བཏང་གི་མེད་ཅེས་འགྲེལ་བརྗོད་བྱས་བཞག

དེ་ཞིན་བོད་ཀྱིི་ན་གཞོན་འགྲིམས་འགྲུལ་ཁང་གི་ལས་བྱེད་པ་ཅིག་ནས་ཀྱང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཕྱི་ཟླ་༧པའི་ཟླ་མཇུག་བར་བོད་ནང་ཡོང་མ་ཆོག་པའི་དམ་དྲག་བྱས་ཡོད་པ་དངོས་འབྲེལ་ཡིན་སྐོར་བརྗོད་དེ  ཕྱི་ཟླ་བདུན་པའི་ནང་རྒྱ་ནག་གིས་བོད་ཐོག་དབང་སྒྱུར་བྱས་ནས་ལོ་ངོ་༦༠འཁོར་བའི་རྟེན་འབྲེལ་མཛད་སྒོ་བྱ་རྒྱུ་གྲ་སྒྲིག་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལུགས་འགྲེལ་བརྗོད་བྱས་འདུག

བདེ་འཇགས་དང་འབྲེལ་བའི་གནད་དོན་ཐོག་ནས་ཕྱི་ཟླ་བརྒྱད་པའི་ཟླ་དཀྱིལ་བར་ཕྱི་རྒྱལ་གྱི་ཕྱིར་བསྐྱོད་ལག་འཁྱེར་ཡོད་མཁན་རིགས་ལ་བོད་ནང་ལྟ་སྐོར་ཡོང་རྒྱུའི་ཆོག་མཆན་སྤྲོད་རྒྱུ་མིན་སྐོརལྷ་སའི་ནང་རྟེན་གཞི་བྱས་པའི་འགྲིམས་འགྲུལ་དྲ་རྒྱའི་དོ་དམ་པ་ཞིག་གིས་བརྗོད་པརྒྱ་ནག་གཞུང་འབྲེལ་Global Times གསར་ཤོག་གིས་ལུང་འདྲེན་བྱས་འདུག

འོན་ཀྱང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་གིསཕ་རེན་སི་གསར་ལས་ཁང་གིས་ཁ་པར་ལ་ལན་བྱས་མེད་པ་དང༌། རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གི་མགྲིན་ཚབ་པས་གནད་དོན་དེའི་སྐོར་ཤེས་རྟོགས་མེད་ལུགས་ཕ་རེན་སི་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་བཞག།

༢༠༠༨ལོར་བོད་ནང་མང་ཚོགས་ཀྱི་རྒྱ་གཞུང་ལ་ཞི་ངོ་རྒོལ་བྱས་ནས་ལོ་གསུམ་འཁོར་བའི་དུ་དྲན་གི་གོང་དེརད་ལོ་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་འགྲོ་འོང་མ་ཆོག་པའི་དམ་དྲག་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org